འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་12ཉིན།

༄༅།།ཨུའུ་མོང་ཧྲན་རི་བོའི་ཡུག་ཁུལ་གྱི་དབུལ་སྒྲོལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། 

ན་ནིང་དབུལ་པོ་མི་ཁྲི་73ཉུང་དུ་བཏང་བས་དབུལ་པོར་གྱུར་ཚད་བརྒྱ་ཆའི་གྲངས་3.6ཆག་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 12:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ཀུའེ་ཀྲོའུ་པི་ཅེ་ནས་གློག་འཕྲིན་འབྱོར་གསལ། ཨུའུ་མོང་ཧྲན་རི་བོའི་ཡུག་ཁུལ་གྱི་ས་ཁོངས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་པུའུ་སྦྲེལ་འབྲེལ་གཏུག་ཚོགས་འདུ་ཀུའེ་ཀྲོའུ་པི་ཅེ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་རང་བྱུང་ཐོན་ཁུངས་པུའི་ཏང་ཙུའི་ཧྲུའུ་ཅི་པུའུ་ཀྲང་ལུའུ་ཧའོ་ཡིས“ཡུག་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ཡུག་ཁུལ་ཞིང་ཆེན་གསུམ་གྱི་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཆེད་འབད་བརྩོན་ཆེན་པོ་བྱས་ཡོད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲིར་གཞིགས་ཏེ་ལས་བགོས་རྒྱག་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་ལས་རིགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་པས་ཡུག་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱབ་སྐྱོར་སྟོབས་ཤུགས་གལ་ཆེན་ཞིག་གྲུབ་ཡོད། རང་བྱུང་ཐོན་ཁུངས་པུས་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་ཡུག་ཁུལ་གྱི་སྣེ་ཁྲིད་འབྲེལ་གཏུག་ཚན་པའི་འགན་འཁྲི་ནན་ཏན་བསྒྲུབ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
        ཨུའུ་མོང་ཧྲན་རི་བོའི་ཡུག་ཁུལ་ནང་སི་ཁྲོན་དང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན་གསུམ་གྱི་གྲོང་ཁྱེར་10དང་རྫོང་38ཚུད་ཡོད་ཅིང་། དེའི་ནང་རྒྱལ་ཁབ་ཀྱིས་གཏན་འཁེལ་ཁ་གསལ་བྱས་པའི་ཤིན་ཏུ་དབུལ་བའི་ས་ཁུལ་སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཀྲོའུ་ཚུད་ཡོད་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་དབུལ་པོར་ལྟ་ཞིབ་བྱས་འབྲས་ལ་གཞིགས་ན། 2017ལོའི་ལོ་མཇུག་ཏུ་ཨུའུ་མོང་ཧྲན་རི་བོའི་ཡུག་ཁུལ་གྱི་མི་འབོར་དབུལ་པོ་2016ལོའི་ལོ་མཇུག་གི་ཁྲི་272ནས་ཁྲི་199བར་ཉུང་དུ་ཕྱིན་ཡོད་པ་དང་དབུལ་པོར་འགྱུར་ཚད་9.9%ཆག་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས་3.6ཆག་ཡོད་པ་རེད། ཀུའེ་ཀྲོའུ་ཞིང་ཆེན་ཁྲི་ཧྲུའེ་གྲོང་ཁྱེར་དང་། ཐུང་ཙེ་རྫོང་། ཤིས་ཧྲུའེ་རྫོང་། ཆན་ཤིས་རྫོང་། སི་ཁྲོན་ཞིང་ཆེན་མུའུ་ཁྲོན་རྫོང་། ཡུན་ནན་ཞིང་ཆེན་ཤུན་ཏན་རྫོང་སོགས་ཨུའུ་མོང་ཧྲན་རི་བོའི་ཡུག་ཁུལ་དབུལ་པོའི་རྫོང་6ལ་ཞིབ་བཤེར་རྩིས་ལེན་ཐུབ་ནས་དབུལ་སྒྲོལ་བྱུང་བའི་ཁྱབ་བསྒྲགས་བྱས་པ་རེད།