འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་12ཉིན།

༄༅།།མཚོ་སྔོན་གྱིས་ཚད་གཞི་མ་ལོན་པའི་ཏང་ཡོན་གྲལ་བཤེར་དང་ཐག་གཅོད་བྱེད་པ། 

མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་མེ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་12ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཉེ་ཆར། མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུས《ཚད་གཞི་མ་ལོན་པའི་ཏང་ཡོན་གཅིག་སྡུད་ཐོག་གྲལ་བཤེར་ཐག་གཅོད་བྱེད་པའི་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་ནས་ཏང་གི་སྔོན་ཐོན་རང་བཞིན་དང་སྤྱོད་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་གཙོ་རྐང་དེར་དམ་པོ་དམིགས་པ་དང་། ཏང་ཡོན་དཔུང་ཁག་ཚད་ལྡན་ཅན་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཚད་གཞི་མ་ལོན་པའི་ཏང་ཡོན་ཐག་གཅོད་བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི“ཐོན་སྒོ”ཤར་གཏོང་བཅས་བྱས་ནས་ཏང་ཡོན་དཔུང་ཁག་གི་སྤྱོད་གཙང་རྒྱུན་འཁྱོངས་བྱས་པ་རེད།
          གནས་ཚུལ་ངོ་མ་གསལ་རྟོགས་བྱས་ཏེ་གྲལ་བཤེར་ཐད་ཁུག་ཆ་མ་ལུས་པ་བྱེད་པ། 《བརྡ་ཐོའི》ནང་། ཞིང་ཆེན་ཡོངས་ཀྱི་ཏང་ཀྲི་པུའུ་ཁག་གིས་དུས་ཡུན་ཟླ་གཉིས་སྤྱད་དེ་ཏང་ཡོན་གྱི་མིང་ཐོ་དང་། ཏང་ཡོན་གྱི་ཡིག་ཚགས། ཏང་ཡོན་གྱིས་ཏང་དངུལ་འཇལ་ཚུལ། ཀྲི་པུའི་བྱེད་སྒོར་ཞུགས་ཚད། ཏང་ཡོན་གྱི་དངོས་ཡོད་རྣམ་འགྱུར། ཏང་ཡོན་ལ་དམངས་གཙོ་དཔྱད་གླེང་བྱས་ཚུལ་སོགས་ལ་ཞིབ་བསྡུར་བྱེད་པའི་བྱ་ཐབས་བརྒྱུད། ཁོངས་གཏོགས་ཏང་ཡོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་མཐིལ་རྟོགས་དང་འབྲེལ། མཐིལ་རྟོགས་གྲལ་བཤེར་བྱས་ཚུལ་དང་ཟུང་འབྲེལ་བྱས་ཏེ་གྲལ་བཤེར་རྩིས་ཁྲ་བཟོས་ནས་གནས་ཚུལ་ཁ་གསལ་བ་དང་ཡོངས་ཁྱབ་ཐུབ་པ་བྱེད་པ་དང་། ཆབ་སྲིད་ཐད་ཚད་གཞི་མ་ལོན་པ་དང་། ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཟླ་6བསྟུད་མར་ཏང་དངུལ་མ་འཇལ་བ། རྩ་འཛུགས་ཀྱི་འཚོ་བར་མ་ཞུགས་པ། རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་ལེགས་སྒྲུབ་མ་བྱས་པ་བཅས་ཀྱི་ཏང་ཡོན་དང་། ལོ་འཁོར་གྱི་དམངས་གཙོ་དཔྱད་གླེང་ཁྲོད་ཚད་གཞི་མ་ལོན་པའི་ཏང་ཡོན། ཏང་གི་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་ཕོག་པའི་ཏང་ཡོན་བཅས་ལ་གཙོ་གནད་ཐོག་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ“ཞིབ་བཤེར་བྱེད་དགོས་ངེས་ལ་ངེས་པར་དུ་ཞིབ་བཤེར”མཐའ་གཅིག་ཏུ་བྱས་ནས་གྲལ་བཤེར་ལས་དོན་ཐད་ཁུག་ཆ་མ་ལུས་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          དམར་ཐིག་གསལ་པོ་བཀོད་དེ་ནོར་འཁྲུལ་མི་ཐོན་པ་བྱེད་པ། 《ཚད་གཞི་མ་ལོན་པའི་ཏང་ཡོན་ཐག་གཅོད་བྱེད་པའི་ལས་དོན་ཡག་པོ་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ནང་གཏན་འབེབས་བྱས་པའི་ཕྱོགས་8དང་རིགས་ཁག་28ཐད་ཀྱི་ཚད་གཞི་མ་ལོན་པར་ལག་ལེན་ནན་པོ་བསྟར་བའི་རྨང་གཞིའི་ཐོག དུས་རབས་གསར་པའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ“ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་ཀྱིས་རྐྱེན་པས་སྲིད་འཛིན་ནམ་ཡང་ན་ཉེས་དོན་ཆད་པ་ཕོག་ནའང་རྩ་འཛུགས་ནས་ཐག་གཅོད་བྱས་མེད་པའི་ཏང་ཡོན་དང་། ཁྲིམས་ཁང་གིས་ཡིད་རྟོན་ཤོར་བའི་ལག་ལེན་བསྟར་ཡུལ་ཁོངས་སུ་བཅུག་པའི་ཏང་ཡོན། 《ཏང་གི་སྒྲིག་ཡིག》ནང་གཏན་འབེབས་བྱས་པའི་ཏང་ཡོན་གྱི་ཚད་གཞི་གཞན་དག་དང་མཐུན་མེད་ནའང་སྒྲིག་འགལ་ཁོངས་སུ་མ་གཏོགས་པའི་ཏང་ཡོན”སོགས་ཀྱི་གནས་ཚུལ་རིགས་3ཚད་གཞི་མ་ལོན་པའི་ཏང་ཡོན་གྱི་གཏན་འཁེལ་ཚད་གཞིའི་ཁོངས་སུ་འཇུག་རྒྱུ་དང་ཆབས་ཅིག 《མཛུབ་ཁྲིད་བསམ་འཆར》ནང་གི་སྣང་ཚུལ་རིགས་11ལ་གཙོ་གནད་དུ་ནན་བཤད་བྱས་པ་དང་བྱེད་སྤྱོད་རིགས་6ལ་ཞིབ་ཚགས་བཀོད་ནས་བཀས་བཀོད་རྨོངས་དད་ཀྱི་བྱེད་སྒོ་སྤེལ་བ་དང་། “དད་མོས་ཉིས་བརྩེགས”ཀྱི་གནད་དོན་ཐད་བསམ་བློའི་ངོས་འཛིན་གནད་ལ་མི་འཁེལ་བ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་མཚང་འབྱིན་དགག་རྒྱག་བྱེད་པའི་ཐད་རྣམ་འགྱུར་བརྟན་པོ་མེད་པ། རུས་རྒྱུད་ཀྱི་ཆོས་ལུགས་སྟོབས་ཤུགས་སྤྱད་ནས་དབྱེན་སྦྱོར་དཀྲུག་ཤིང་རྒྱག་པ་སོགས་ཀྱི་ངོས་འཛིན་ཚད་གཞི་མངོན་གསལ་བཏོན་ནས་ཚད་གཞི་མ་ལོན་པའི་ཏང་ཡོན་རིགས་དབྱེ་བ་དང་ངོ་རིས་གསལ་པོ་བཀོད་ཡོད། ཚད་གཞི་མ་ལོན་པའི་ཏང་ཡོན་ལ་གནས་ཡུལ་ཏང་ཀྲི་པུས་ཐག་གཅོད་ནར་འགྱངས་བྱེད་པའམ་ཡང་ན་ཀྲི་པུའི་ཚོགས་ཆེན་ཐོག་ཐག་གཅོད་དང་གྲོས་ཐག་གཅོད་མི་ཐུབ་པའི་རིགས་ལ་དགོས་ངེས་སྐབས་གཞི་རིམ་ཏང(བཟོ)ཨུད་ཀྱིས་ཏང(བཟོ)ཨུད་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་ནས་དེ་ཉིད་ཐད་ཀར་ཞིབ་བཤེར་བྱ་ཡུལ་དུ་གཏན་འཁེལ་བྱེད་པ་དེས་ལོ་མཇུག་གི་ཏང་ཡོན་གྱི་དམངས་གཙོ་དཔྱད་གླེང་ཁོ་ནས་ཞིབ་བཤེར་བྱ་ཡུལ་གཏན་འཁེལ་བྱེད་པའི“དུས་ཚོད་ཀྱི་ཚོད་འཛིན”ལས་ཚད་བརྒལ་བྱུང་སྟེ་ཚད་གཞི་མ་ལོན་པའི་ཏང་ཡོན་ངོས་འཛིན་དང་ཐག་གཅོད་བྱེད་པའི་ལས་དོན་རྒྱུན་གཏན་ཅན་དུ་གྱུར་བར་དམ་འཛིན་ནན་པོ་བྱས་ནས་ཚད་གཞི་མ་ལོན་པའི་ཏང་ཡོན་ངོས་འཛིན་ཐད་ནོར་འཁྲུལ་ཐོན་རྒྱུ་སྔོན་འགོག་ནུས་ལྡན་བྱེད་དགོས།
         གོ་རིམ་ཚད་ལྡན་དུ་བཏང་ནས་ཐག་གཅོད་ཐད་མི་མངོན་པའི་རྐྱེན་ངན་མི་ལུས་པ་བྱེད་པ། ཚད་གཞི་མ་ལོན་པའི་ཏང་ཡོན་ངོས་འཛིན་བྱེད་པར་གནད་དོན་གྱི་ངོ་བོ་དང་། རང་ཉིད་ཀྱི་རྣམ་འགྱུར། རྩ་འཛུགས་ཀྱི་བསམ་འཆར་བཅས་ལ་གཞིགས་ཏེ་དུས་བཀག་ཡོ་བསྲང་བྱེད་དུ་འཇུག་པ་དང་། ཏང་ཡོན་ནས་ཕྱིར་འཐེན་བྱ་རྒྱུར་ཁ་ཏ་བྱེད་པ། མིང་ཐོ་བསུབས་པ། གྲ་སྒྲིག་ཏང་ཡོན་གྱི་ཐོབ་ཐང་མེད་པ་བཟོ་བ་བཅས་ཀྱི་ཐག་གཅོད་བྱེད་དགོས། དེ་དང་ཆབས་ཅིག་ཐག་གཅོད་ལས་དོན་སྔར་བས་དངོས་ཐོག་བདེན་འཚོལ་དང་དྲང་གཞག་དྲང་བདེན་ཡོང་བ་བྱ་ཆེད། “གནས་ཚུལ་རིགས་ལྔ”དབྱེ་འབྱེད་བྱས་ནས་ཐག་གཅོད་ལས་དོན་གྱི་རྣམ་པ་མི་འགྱུར་བ་དང་། ཚད་ལས་མི་བརྒལ་བ། མི་མངོན་པའི་རྐྱེན་ངན་མི་ཐོན་པ་བཅས་བྱས་ཏེ་ཐག་གཅོད་འབྲས་བུར་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བྱེད་དགོས།
        སྒྲིག་ཁྲིམས་ནན་དུ་བཏང་སྟེ་ལས་དོན་སྤེལ་རྒྱུ་ཕྱི་ཚུལ་ཙམ་དུ་མི་འགྲོ་བ་བྱེད་པ། 《བརྡ་ཐོའི》ནང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཚད་གཞི་མ་ལོན་པའི་ཏང་ཡོན་ཐག་གཅོད་བྱེད་པའི་ལས་དོན་དེ་ཏང་རྩ་འཛུགས་ཧྲུའུ་ཅིའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་སྒྲུབ་སྙན་ཞུའི་དཔྱད་མོལ་དཔྱད་ཞིབ་ཀྱི་ནང་དོན་དུ་བཅུག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་དང་རིམ་པ་བཞིན་ལས་ཀའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཏང་ཡོན་དཔུང་ཁག་གི་ད་ལྟའི་གནས་ཚུལ་དང་ཟུང་འབྲེལ་བྱེད་པ། བྱ་ཐབས་དང་གོ་རིམ་ཞིབ་ཚགས་སུ་གཏོང་བ་དང་། ལག་བསྟར་ཇུས་གཞི་བཟོ་བ། ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཚད་གཞི་མ་ལོན་པའི་ཏང་ཡོན་གཅིག་སྡུད་གྲལ་བཤེར་ཐག་གཅོད་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་དགོས། རྩ་དོན་གྱི་གཏན་འབེབས་ལས་འགལ་བ་དང་ལས་ཀའི་སྒྲིག་ཁྲིམས་ལས་འགལ་ནས་དཔྱད་འདེམས་མི་བྱེད་པ་དང་། གོང་ཞུ་མི་བྱེད་པ། ཐག་གཅོད་མི་བྱེད་པ་བཅས་དང་གོ་སྐབས་སྤྱད་ནས་འཁོན་ལན་སློག་པ་དང་ཏང་ཡོན་གྱི་དབང་ཆར་གནོད་འཚེ་གཏོང་མཁན་ཏང་རྩ་འཛུགས་བཅས་ལ་འབྲེལ་ཡོད་འགན་འཁུར་བའི་ལྟ་སྐུལ་ཡག་པོ་མ་བྱས་པའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།