འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་11ཉིན།

༄༅།།ཁྲིམས་འཛིན་པུས་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་11ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཁྲིམས་འཛིན་པུས《མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་པར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ཞིང་། 《བསམ་འཆར》ནང་། “ཧྥེང་ཆའོ་ཉམས་མྱོང”སྤེལ་རེས་མཐའ་འཁྱོངས་བྱས་ཏེ་རྩ་འཛུགས་ཀྱི་རྣམ་པར་བརྟེན་ནས་དཔུང་ཁག་གི་བྱང་ཚད་གསར་གཏོད་དང་གོང་མཐོར་གཏོང་རྒྱུ་ཤུགས་རྒྱག་སར་བྱེད་པ་དང་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་པར་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་འདུམ་འགྲིག་གི་རྩ་འཛུགས་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་ནི་མི་དམངས་འདུམ་འགྲིག་པའི་མིང་ངམ་ཡང་ན་དམིགས་བསལ་གྱི་མིང་བཏགས་ལ་བརྟེན་ནས་བཙུགས་པའི་འདུམ་འགྲིག་རྩ་འཛུགས་ཤིག་རེད། མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་པར་སྐུལ་འདེད་བཏང་བས་མི་དམངས་འདུམ་འགྲིག་པའི་ཧུར་སེམས་དང་རང་འགུལ་བསམ་པ་ཆེ་རུ་ཕྱིན་ཏེ་མི་དམངས་འདུམ་འགྲིག་ལས་ཀའི་དབང་གྲགས་རང་བཞིན་དང་ཤུགས་རྐྱེན་ཐེབས་ནུས་ཆེ་རུ་སོང་བ་དང་མི་དམངས་འདུམ་འགྲིག་ལས་དོན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན་ཡོད།
      《བསམ་འཆར》ནང་། མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་པ་དང་། མིང་འདོགས་པ། དོ་དམ་བཅས་ཁྲིམས་བཞིན་ཚད་ལྡན་དུ་བཏང་ནས་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་གི་རྩ་འཛུགས་དང་། དཔུང་ཁག ལས་སྒོ ལམ་ལུགས་བཅས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་གིས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས་ས་ཆ་དེ་རང་དུ་འགལ་ཟླ་དང་རྩོད་གཞི་དུས་ཐོག་ཏུ་བསལ་ཏེ་འགལ་ཟླ་གོང་རིམ་ལ་ཞུ་མི་དགོས་པ་མངོན་འགྱུར་ཡོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
     《བསམ་འཆར》ལྟར་ན་མི་དམངས་འདུམ་འགྲིག་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་ཚེ་མི་སྒེར་གྱི་འདུམ་འགྲིག་ལས་དོན་ཁང་འཛུགས་པའི་འདུན་ཞུ་བྱ་ཆོག་པ་སྟེ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བའི་ཁར་གཞན་ལ་གཞུང་དྲང་ཚུལ་མཐུན་དང་མང་ཚོགས་ཀྱི་ཁྲོད་དུ་སྙན་གྲགས་ཆེན་པོ་ལྡན་པ་དང་། མི་དམངས་ཀྱི་འདུམ་འགྲིག་ལས་དོན་ལ་སེམས་རྩ་འཁོལ་བའི་ཁར་འདུམ་འགྲིག་ལས་དོན་ལ་ཉམས་མྱོང་ཕུན་སུམ་ཚོགས་ཤིང་འདུམ་འགྲིག་ཐུབ་ཚད་ཆེ་བ། རིག་གནས་ཀྱི་ཆུ་ཚད་དང་། སྲིད་ཇུས་ཀྱི་ཆུ་ཚད། བཅའ་ཁྲིམས་ཀྱི་ཤེས་བྱ་བཅས་ངེས་ཅན་ལྡན་པའི་ཁར་ཁྱད་ཆོས་དང་ཕན་ནུས་ལྡན་པའི་འདུམ་འགྲིག་བྱེད་སྟངས་ཡོད་པ། རྫོང་རིམ་པ་ཡན་གྱི་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ནམ་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱི་གཟེངས་བསྟོད་དང་བྱ་དགའ་ཐོབ་པ་བཅས་དགོས།