འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་10ཉིན།

༄༅།།ལོ་40རིང་རང་རྒྱལ་གྱི་དབུལ་པོ་ཐོན་ཚད་97.5%ནས་3.1%བར་དམའ་རུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་10ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་40རིང་། རང་རྒྱལ་གྱི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་7ལྷག་དབུལ་པོ་ལས་བསྒྲལ་ནས་དབུལ་པོ་ཐོན་ཚད་1978ལོའི་97.5%ནས་2017ལོའི་ལོ་མཇུག་གི་3.1%བར་དམའ་རུ་སོང་སྟེ་མི་རིགས་ཀྱི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ཀྲུང་གོའི་ངོ་མཚར་བཏོད་ཡོད་ཅེས་བརྗོད་པ་རེད།
           གོང་གསལ་གྱི་སྐད་ཆ་ནི་ཁོང་གིས་ཚེས་8ཉིན་འཚོགས་པའི་ཀྲུང་གོའི་དབུལ་སྐྱོར་སྒྱུར་བཅོས་ཀྱི་ལོ་40ཡི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཡིན།
           ལིའུ་ཡུང་ཧྥུས་སྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག གཞི་ཁྱོན་ཆེ་བའི་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་དམིགས་ཏེ། རང་རྒྱལ་གྱིས་གྲོང་གསེབ་སྒྱུར་བཅོས་བྱས་ནས་མི་འབོར་དབུལ་པོ་ཆེས་ཆེར་ཉུང་དུ་གཏོང་རྒྱུར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོའི་དབུལ་སྐྱོར་གསར་སྤེལ་གྱི་རླབས་ཆེན་གྱི་ལག་ལེན་དངོས་ལས། སྒྱུར་བཅོས་སྒོ་དབྱེ་ནི་དབུལ་སྐྱོར་གྱི་གྲུབ་འབྲས་ཐོབ་པའི་རྩ་བའི་སྒུལ་ཤུགས་ཡིན་པ་ར་སྤྲོད་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱིས་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་གཞི་རྩའི་ཇུས་ཆེན་བཏོན་པ་དེ་ནི་དུས་རབས་གསར་པར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཡང་དག་པའི་ཇུས་ཆེན་ཞིག་ཡིན་ཞེས་བརྗོད་པ་རེད།
           ཁོང་གིས། ལོ་40རིང་རང་རྒྱལ་གྱིས་གསར་སྤེལ་ཅན་གྱི་དབུལ་སྐྱོར་མཐའ་འཁྱོངས་བྱས་ཏེ་འཕེལ་རྒྱས་དེ་དབུལ་ཕོངས་སེལ་བའི་གཞི་རྩའི་ཐབས་ལམ་དུ་བརྩིས་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་ནང་ཞུགས་ནས་སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་བཅས་མཉམ་འགུལ་དང་ཆེད་དོན་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་མཉམ་འབྲེལ་དབུལ་སྐྱོར་གྱི་ཆགས་སྟངས་ཆེན་པོ་ཞིག་བསྐྲུན་པ། རྒྱལ་སྤྱིའི་སྤེལ་རེས་ནང་ཧུར་ཐག་ཞུགས་ནས་རྒྱལ་སྤྱིའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཐོག་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དབུལ་པོ་ཉུང་གཏོང་གི་ཐབས་ལམ་ཞིག་བཏོད་ཡོད་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་བསགས་པའི་དབུལ་སྐྱོར་ཉམས་མྱོང་མུ་མཐུད་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་གཏོང་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། གནད་སྨིན་དབུལ་སྐྱོར་གྱི་གནད་ལ་འཁེལ་ཚད་དང་ནུས་ལྡན་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་ཞེས་བརྗོད་པ་རེད།