འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

“རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་གདོད་མའི་གསར་རྩོམ་གལ་ ཆེན་ལ་སྐུལ་མ་གཏོང་རྒྱུར”དམིགས་ནས་སྲིད་དོན་ཐད་གྲོས་འཆར་བཏོན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          མི་དམངས་ཉིན་རེའི་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གཟའ་འཁོར་གཉིས་རེའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བཅུ་དྲུག་པ་དེ་ཚེས་7ཉིན་པེ་ཅིང་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས་རྨང་གཞིའི་ཞིབ་འཇུག་ནི་ཚན་རིག་གི་རྩ་བ་དང་ལག་རྩལ་གྱི་འབྱུང་ཁུངས་ཡིན་ལ། འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་རྨང་གཞིའང་ཡིན་པས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་ཆོས་ཉིད་ལ་སྲུང་བརྩི་ཞུས་ཏེ་བརྟན་ཐོག་ཡར་འཕེལ་དང་སྙིང་རུས་གཏན་འཁྱོངས་ཀྱི་སྒོ་ནས་གདོད་མའི་གསར་རྩོམ་གྱི་འཇོན་ཐང་དང་གསར་གཏོད་ལ་བརྟེན་ནས་འབྱུང་ཁུངས་ཀྱི་མཁོ་སྤྲོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
              ཨུ་ཡོན་བཅུ་གསུམ་གྱིས་རྨང་གཞིའི་ཞིབ་འཇུག་གི་ཆེད་དོན་རྣམ་གྲངས་གལ་ཆེན་དང་། འགྲོ་གྲོན་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་། གདེང་འཇོག་གི་ལམ་སྲོལ། སྤྱི་ཚོགས་ཀྱི་རྒྱབ་སྐྱོར་སོགས་ལ་དམིགས་ནས་སྲིད་དོན་ཐད་གྲོས་འཆར་བཏོན་པ་དང་། ཨུ་ཡོན་30ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་རང་རང་གི་བསམ་འཆར་ཚ་ཚ་འུར་འུར་ངང་བཏོན་ཅིང་། ཚང་མས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལ་རྒྱུན་མཐུད་མགྱོགས་མྱུར་གྱི་འཕེལ་རྒྱས་བྱུང་སྟེ་གྲངས་འབོར་གྱི་གསོག་འཇོག་ནས་སྤུས་ཚད་བར་འཕེལ་རྒྱས་དང་། གནས་ཀྱི་ཚད་བརྒལ་ནས་མ་ལག་གི་ནུས་པ་མཐོ་རུ་གཏོང་བའི་འགག་རྩའི་དུས་སྐབས་བར་འཕེལ་རྒྱས་བྱུང་ནས་མཚོན་བྱེད་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་ཐོབ་ཡོད། ཡིན་ནའང་རྨང་གཞིའི་ཞིབ་འཇུག་ནི་སྔར་བཞིན་ཚན་རྩལ་ཁྱབ་ཁོངས་ཐད་ཀྱི་ཞན་ཆ་ཞིག་ཡིན་པར་བརྟེན་གདོད་མའི་གསར་རྩོམ་གྱི་གྲུབ་འབྲས་གལ་ཆེན་ཉུང་བ་དང་། རྩེར་སོན་གྱི་ཤེས་ལྡན་པ་དང་ཚོགས་པ་དཀོན་པ། ཚན་རིག་ཞིབ་འཇུག་གི་ཁོར་ཡུག་དེ་ཙམ་བཟང་སྒྲིག་མི་ཐུབ་པ་སོགས་ཀྱི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད་པའི་ངོས་འཛིན་བྱས།
           ཨུ་ཡོན་ཁག་གཅིག་གིས་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་ངེས་པར་དུ་རང་མོས་འཚོལ་ཞིབ་དང་དམིགས་ཚད་སྟོན་ཕྱོགས་སུ་འཛིན་པ་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་དང་། སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་མཉམ་ལས་ཕན་ཚུན་སྤྱི་འདོམས་མཐའ་འཁྱོངས། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཞིབ་འཇུག་ཕན་ཚུན་ཟུང་འབྲེལ་མཐའ་འཁྱོངས་བཅས་བྱེད་དགོས་པ་དང་། བཀོད་སྒྲིག་ལ་ཤུགས་སྣོན་བརྒྱབ་ནས་2020ལོའི་རྗེས་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ཞིབ་འཇུག་བྱས་ནས་བཏོན་ཏེ། ཁྱབ་ཁོངས་ཁག་གཅིག་གི་འཚོལ་ཞིབ་ཐད་རྒྱལ་ཁབ་ཚོད་ལྟ་ཁང་གིས་འགན་འཁྲིའི་བྱེད་པའི་ཚན་པར་བྱས་ནས་འབྲེལ་ཡོད་རྣམ་གྲངས་གལ་ཆེན་ལག་ལེན་བསྟར་འགོ་འཛུགས་དགོས། ནོར་སྲིད་ཀྱིས་རྨང་གཞིའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་དང་སྤྱི་ཚོགས་ཀྱིས་འགྲོ་གྲོན་མང་དུ་གཏོང་བར་ལྕག་སྐུལ་དང་སྣ་མང་ཅན་གྱི་མ་འཇོག་ལམ་སྲོལ་བཟོས་ནས་མ་འཇོག་གི་ཕན་འབྲས་ཆེ་རུ་གཏོང་དགོས། ཚན་རྩལ་དོ་དམ་གྱི་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྲིད་གཞུང་གི་འཆར་འགོད་དང་རྣམ་གྲངས་སྣ་མིན་སྣ་ཚོགས་ཉུང་འཕྲི་དང་གཅིག་གྱུར་ཡོང་བར་བྱས་ཏེ་ཚན་ཞིབ་ཚན་པར་རྣམ་གྲངས་ཀྱི་འགྲོ་གྲོན་དོ་དམ་དང་བེད་སྤྱོད་ཁྲོད་རང་བརྟེན་དབང་ཆ་སྔར་བས་ཆེ་བ་སྤྲོད་པ་དང་ཚན་ཞིབ་པའི་ལས་ཀའི་དུས་ཚོད་ལ་སྲུང་བརྩི་དང་འགན་ལེན་ཏན་ཏིག་བྱས་ནས་ཚན་རྩལ་ལས་དོན་པར་བློ་རྩེ་གཅིག་སྒྲིམ་ངང་བྱ་གཞག་སྒྲུབ་ཏུ་འཇུག་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་བྱ་དགའི་གདེང་འཇོག་མ་ལག་སྒྱུར་བཅོས་བྱས་ནས་བྱ་དགའི་རྣམ་གྲངས་ཁུ་བསྡུ་དང་། དཔྱད་འདེམས་ཨུ་ཡོན་ཧྲག་འདེམས། དཔྱད་ཞིབ་ཚགས་ཚུད་བཅས་ཡོང་བར་བྱས་ནས་གསར་གཏོད་ལ་སྤུས་ཚད་ལྡན་པ་དང་ལེགས་སྐྱེས་འབུལ་རྒྱུ་སྟོན་ཕྱོགས་སུ་བྱེད་པའི་ལས་རྗེས་གདེང་འཇོག་མ་ལག་དང་ཕུགས་ཕན་གྱི་གདེང་འཇོག་ལམ་སྲོལ་འཛུགས་དགོས། ཚན་ཞིབ་ཁོར་ཡུག་དང་སློབ་སྲོལ་འཛུགས་སྐྱོང་ལ་མཐོང་ཆེན་པོ་བྱས་ནས་ཚན་ཞིབ་ཡིད་རྟོན་ཁྲིམས་བཟོའི་བརྒྱུད་རིམ་ལ་སྐུལ་མ་གཏོང་བ་དང་། ཚན་ཞིབ་རྫུན་བཟོ་སོགས་རིག་གཞུང་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་རིག་གཞུང་དང་གསར་གཏོད་ལ་བརྩི་འཇོག་དང་མི་བདེན་རྫུན་སྒྲིག་མི་བྱེད་པའི་ཚན་རིག་གི་རིག་གནས་ཤིག་གཏོད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་ཡོད།