འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།གངས་ལྗོངས་ས་མཐོར་གནས་པའི་བོད་ཀྱི་གསོ་རིག་དབུལ་སྐྱོར་གྲོང་ཚོ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 14:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཚེས་བཅུ་ཐང་གྲོང་ཚོར་མ་སྤོས་གོང་བསོད་ནམས་དབང་འདུས་གྲུམ་བུའི་ནད་ཀྱིས་ལོང་བུ་སྨུག་པོར་གྱུར་ཡོད་ཅིང་། མནར་ནས་མལ་ལས་ལང་ཐབས་བྲལ་ཏེ་རྐང་མཐིལ་སྐྲངས་ནས་ནད་གཞི་ལྕི་པོ་ཡོད་པ་ཤེས་ཐུབ། ཟླ་བ་གཉིས་ལྷག་ཙམ་རིང་སྲོལ་རྒྱུན་གྱི་བོད་སྨན་གསོ་བཅོས་བརྒྱུད་ཁོང་གི་རྐང་པའི་ན་ཟུག་ཕྱེད་ཙམ་འཇགས་ནས་རྒྱུན་གཏན་བཞིན་འགྲོ་ཐུབ་པས་རང་ཉིད་ཧང་སངས།
          བསོད་ནམས་དབང་འདུས་ལ་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུ་བྱུང་བ་ནི་བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་ཚེས་བཅུ་ཐང་གྲོང་ཚོའི་སྒོ་ར་ཆུང་ངུར་གནས་པའི་སྨན་ཁང་དེ་རེད། དེ་གར་ནད་ལྟ་བར་ཡོང་མཁན་ཚང་མ་ས་གནས་གཞན་ནས་རེད།
         བསོད་ནམས་དབང་འདུས་ཀྱི་ཕ་ཡུལ་ནི་དེ་ག་ནས་སྤྱི་ལེ་500ལྷག་ཙམ་གྱི་སར་གནས་པའི་མཚོ་གཉིས་རྫོང་ཡིན་ཞིང་། དེ་གའི་ཆ་སྙོམས་ས་བབ་སྨི་5000ལས་བརྒལ་བ་དང་གསོ་རླུང་མི་འདང་བའི་ཁར་གནམ་གཤིས་གྲང་ངར་ཆེན་པོ་ཡོད་པས་ལོ་ཧྲིལ་པོར་ལྷགས་པ་རིམ་པ་8ཡན་ཉིན་200ལྷག་ཙམ་རྒྱག་གི་ཡོད། རང་བྱུང་ཆ་རྐྱེན་ཞན་པའི་དབང་གིས་བསོད་ནམས་དབང་འདུས་དང་འདྲ་བའི་དེ་གར་སྡོད་མཁན་ཡུལ་མི་ཚོར་གྲུམ་བུའི་ནད་ཕོག་ནས་ངལ་རྩོལ་ནུས་པ་རིམ་པས་ཤོར། ཁྱིམ་ཚང་གི་ཀ་རྟེན་ཡིན་པའི་ཕ་མ་ཚོར་ནད་གཞི་དེ་རིགས་ཕོག་སྐབས་ཁྱིམ་ཚང་རེ་རེ་བཞིན་དཀའ་ངལ་གྱི་གནས་སུ་གྱར་གྱི་ཡོད།
         འབྲོག་པ་ཚོ་ནད་ཀྱི་རྐྱེན་པས་དབུལ་པོར་གྱུར་ཅིང་། སླར་ཡང་དབུལ་པོ་ཆགས་པར་སེམས་ཁུར་མ་བྱས་ན་ག་ལ་འགྲིག
        བོད་ཀྱི་གསོ་བ་རིག་པར་ཟས་སྤྱོད་ནི་ནད་གཞི་བཅོས་པའི་ཐབས་དམ་པ་དེ་རེད། གྲུམ་བུའི་ནད་རྩ་བཅོས་བྱེད་དགོས་ན་སྔོན་ལ་སྡོད་གནས་ཀྱི་ཁོར་ཡུག་ལེགས་བཅོས་ལ་བསམ་བློ་གཏོང་དགོས།
        བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བསོད་ནམས་དབང་འདུས་དང་འདྲ་བའི་ཁྱིམ་ཚང་དེ་དག་ས་བབ་བལྟོས་བཅས་དམའ་བ་དང་ས་གཤིས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཡངས་པ་ཅན་དུ་སྤོས་ཏེ་བོད་ཀྱི་གསོ་བ་རིག་པར་བརྟེན་པ་དང་ཆབས་ཅིག་ཆུ་ཚན་བརྒྱབ་ནས་སྨན་བཅོས་བྱེད་པའི་ཐག་བཅད། 2017ལོའི་ཟླ་7པར་ཁོང་ཚོར་བསྐྲུན་པའི་ཚེས་བཅུ་ཐང་གྲོང་ཚོར་ཁག་དང་པོའི་དུད་ཚང་40ཡི་ཡུལ་མི་གནས་སྤོ་བྱས་པ་དང་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྨན་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཚེ་རྡོར་གྱིས་བོད་ཀྱི་གསོ་བ་རིག་པའི་ཕྱི་བཅོས་སྨན་པ་འགའ་ཤས་ཀྱི་སྣེ་ཁྲིད་དེ་གྲོང་ཚོར་བསྐྱོད་ནས་སྨན་རིན་མི་དགོས་པར་གནས་སྤོས་མང་ཚོགས་ལ་གྲུམ་ནད་སྨན་བཅོས་བྱས་ཁར་གྲོང་ཚོའི་སྨན་པར་སྨན་བཅོས་ཀྱི་ལག་རྩལ་ཡང་བསླབས་པ་རེད།
        “ང་ཚོས་ནད་པ་ཚང་མར་བདེ་ཐང་ཡིག་ཚགས་བཟོས་ཡོད”ཅེས་ཚེ་རྡོར་གྱིས་བརྗོད་པ་དང་། གནས་མ་སྤོས་གོང་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་སྨན་དོན་ཚོགས་ཆུང་13ས་བབ་མཐོ་བའི་མངའ་རིས་དང་། ཆབ་མདོ། ནག་ཆུ་བཅས་ས་ཁུལ་དང་གྲོང་ཁྱེར་3གྱི་རྫོང་8ལ་མངགས་ཏེ་དུད་ཚང་མི་རེ་ངོ་རེའི་ནད་པར་བརྟག་དཔྱད་བྱས་པ་རེད། ཚེས་བཅུ་ཐང་གྲོང་ཚོར་བསོད་ནམས་དབང་འདུས་དང་འདྲ་བའི་གྲུམ་ནད་ཚབས་ཆེན་ཕོག་པའི་ནད་པ་ད་དུང་190ལྷག་ཙམ་ཡོད།
          ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་གྱུར་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་འགག་གནད་ཐག་གཅོད་བྱེད་པར་ཤིན་ཏུ་དབུལ་བའི་ས་ཁུལ་དུ་ཡུལ་བབ་དང་བསྟུན་ནས་དགེ་མཚན་འདོན་སྤེལ་བྱས་ཏེ་ཐོན་ཁུངས་གཅིག་སྡུད་དང་གནད་སྨིན་གྱི་བྱ་ཐབས་འདོན་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཏེ་ས་ཁོངས་རང་བཞིན་གྱི་དབུལ་པོ་ཡོངས་རྫོགས་ཐག་གཅོད་བྱ་ཆེད། གངས་ལྗོངས་ས་མཐོས“ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་དབུལ་སྐྱོར་ཟུང་འབྲེལ་བྱེད་པའི”དམིགས་བསལ་ལམ་དུ་བསྐྱོད་ཡོད།
         གྲུམ་བུའི་ནད་སོགས་ས་མཐོར་མང་བའི་ནད་ཡམས་སྔར་བས་ཡག་པོ་བཅོས་ཆེད། འདི་ལོའི་ཟླ་4པར་ཚེས་བཅུ་ཐང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གྲུམ་བུའི་ནད་འགོག་བཅོས་ཞིབ་འཇུག་ཡངས་པ་ཅན་རྟེན་གཞིའི་སྒོ་བྱང་བཀལ་བ་དང་ཆབས་ཅིག རང་སྐྱོང་ལྗོངས་སྨན་རྩིས་ཁང་དོ་དམ་ཅུས་ཀྱིས《གྲུམ་བུའི་ནད་སྨན་བཅོས་དྲག་སྐྱེད་ཞིབ་འཇུག》གི་ཞིབ་འཇུག་བྱ་གཞི་བཏོན་པ་མ་ཟད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་150བཏང་བ་དེ་དག་ཚེས་བཅུ་ཐང་གྲོང་ཚོའི་གྲུམ་བུའི་ནད་པའི་སྨན་བཅོས་ལ་ཆེད་མངགས་སྤྱད་པ་རེད། ཟླ་7ཚེས་1ཉིན་བར། སྨན་དོན་མི་སྣས་རིན་ཐང་སྒོར་ཁྲི་4.1ཟིན་པའི་སྨན་དང་མི་ཐེངས་536བཏང་སྟེ་ནད་པ་106ལ་ལུམས་བརྒྱབ་པ་དང་སྨན་བྱུག་པ་སོགས་ཀྱི་སྨན་བཅོས་བྱས་པ་རེད།
        “ང་ཚོས་གྲུམ་བུའི་ནད་ཀྱི་སྨན་བཅོས་བོད་ཀྱི་གསོ་བ་རིག་པའི་བདེ་ཐང་དབུལ་སྐྱོར་དང་། ནད་གཞི་ཚབས་ཆེན་འགོག་བཅོས་ལ་ཞུགས་པའི་ཚད་བརྒལ་ས་ཞིག་ལ་བརྩིས་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཡན་པིང་གིས་བརྗོད་པ་དང་། ཁོང་གིས་གོམ་སྟབས་རྗེས་མར་ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཚད་གཞི་ལྟར་གྲོང་ཚོའི་འཕྲོད་བསྟེན་ཁང་དེ་སྡེ་ཁུལ་ཆུང་ངུའི་འཕྲོད་བསྟེན་ལྟེ་གནས་ལ་བསྐྲུན་ནས་གཅོང་ནད་དང་། རྒྱུན་ཐོན་ནད་གཞི། ནད་གཞི་ཚབས་ཆེན་བཅས་རིམ་བཞིན་འགོག་བཅོས་བྱས་ནས་གནས་སྤོས་མང་ཚོགས་རྣམས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད།
          ཕ་ཡུལ་དང་གྱེས་པའི་བསོད་ནམས་དབང་འདུས་ལ་སྐབས་འགར་ཕ་ཡུལ་དྲན་པའི་སྐྱོ་སེམས་ཤིག་ངང་གིས་འཆར་ནའང་། འབྱུང་འགྱུར་ལ་དེ་བས་རེ་བ་ལྡན། ད་ཆ་ཚེས་བཅུ་ཐང་གྲོང་ཚོར་གློག་དང་། བརྙན་འཕྲིན། ཁ་པར། ཆུ་ཀ་ལ། ཆུ་ཚན་བཅས་གྲོང་ཚོ་དང་དུད་ཚང་ལ་ཤར་གཏོང་ཐུབ་པ་དང་། ནད་པ་ཁྱིམ་དུ་བསྡད་དེ་ཆུ་བཀག་གཏོང་གི་གཅུས་ཕུར་སྒྲིམ་ཙམ་བྱས་ན་ཆུ་ཚན་ལ་བརྟེན་ནས་སྨན་བཅོས་བྱེད་ཐུབ། ཚོང་ལས་ཅན་གྱི་འཁོར་རྒྱུག་གི་ཆུ་ཚན་ལུས་གསོ་ལྟེ་གནས་ཀྱི་ཨར་ལས་གྲུབ་ཉེར་ཡོད་པ་དང་། སྐབས་དེར་ཡུལ་མི་ཚོར་རིན་མེད་ནད་སྐྱོང་གསོ་སྦྱོང་བྱས་རྗེས་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུ་ཡིན་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།