འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་9ཉིན།

༄༅།།བྱིན་ཆགས་བརྗིད་ཆེའི་སྟོང་སྐོར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་09ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཉི་ཟླ་རི་བོའི་གཤམ་དང་ནུབ་མཚོའི་ཤར་ཕྱོགས་སུ་ཡོད་པའི་ཙོང་ཆུའི་ཆུ་འགོ་སྟོང་སྐོར་མཁར་ནི་བརྗིད་ཆེ་ལ་བྱིན་ཆགས་པ་ཞིག་ཡོད།
          ས་མཐོའི་དགུན་གཞུང་གི་ཞོགས་པར་སྟོང་སྐོར་མཁར་རབ་དཀར་ཁ་བས་གཡོགས་ནས་དར་ཟབ་དཀར་པོ་མནབས་པའི་གཞོན་ནུ་མ་ཞིག་དང་འདྲ། དེ་ནི་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་གི་འབྲེལ་མཚམས་དང་ཞིང་འབྲོག་ལས་འདྲེས་མའི་མཚམས་སུ་ཆགས་ཡོད་པ་རེད། ལོ་རྒྱུས་ཐོག་རྒྱ་མི་རིགས་ཡུལ་དེ་གའི་ནུབ་ཏུ་གནས་པ་དང་ས་མཐོའི་ཚོ་སྡེ་རྣམས་ཤར་ཕྱོགས་སུ་གནས་ཤིང་། མི་རིགས་ཁག་གིས་ཡུལ་ལུང་དེར་ལོ་རྒྱུས་ཀྱི་ཐགས་བཟང་བསྐྲུན་པས་ལྷ་སྒྲུང་དང་ངག་རྒྱུན་སོགས་ཅི་རིགས་ཡོད་པ་རེད།
         སྟོང་སྐོར་མཁར་གྱི་ཁྲོམ་གཞུང་གཙོ་བོ་ཤར་ནུབ་ཏུ་བརྐྱངས་ཡོད་ལ་ནུབ་མཚོ་ནི་མཚོ་སྔོན་པོ་རེད། གནའ་བོའི་ཆའང་རིགས་ལ་མཚོ་མཆོད་ཀྱི་སྲོལ་ཡོད་པ་དང་ལོ་རེ་བཞིན་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔའི་ནུབ་ཕྱོགས་ཀྱི་རྒྱལ་ཡུམ་འཁྲུངས་སྐར་ལ་མཚོ་མཆོད་གཟབ་རྒྱས་བྱེད་པ་ཡིན།
         སྟོང་སྐོར་མཁར་དེ་གོང་མ་ཡུང་ཀྲིང་ཁྲི་ལོའི་ནང་བསྐྲུན་ནའང་དེ་གའི་ཨར་སྐྲུན་གྱི་ལོ་རྒྱུས་ཀྱི་དུས་ཡུན་དེ་བས་རིང་བ་ཡོད། སྤྱི་ལོའི་སྔོན་གྱི་ལོ་61པར་ཧན་རྒྱལ་རབས་ནུབ་མས་ཙོང་ཆུའི་འགྲམ་ངོགས་སུ་ལིན་ཆའང་མཁར་བསྐྲུན་ཞིང་། འཁྲུག་ཟིང་སྐབས་ས་བབ་བཙན་པས་དམག་དཔུང་གིས་འཕྲོག་རྩོད་བྱེད་སར་གྱུར་པ་དང་། དུས་བདེའི་སྐབས་འགྲིམ་འགྲུལ་གྱི་གནད་ས་ཡིན་པས་ཚོང་འགྲུལ་གྱི་ལྟེ་བར་གྱུར། ཐང་རྒྱལ་རབས་ཀྱི་དུས་སུ་གནས་དེར་ཇ་དང་རྟ་མཆོག་ཉོ་ཚོང་བྱེད་སའི་ཚོང་འདུས་ཆེན་པོ་དར་མྱོང་། ཆིང་རྒྱལ་རབས་ཀྱི་ཡུང་ཀྲིང་ཁྲི་ལོའི་སྐབས་སྟོང་སྐོར་མཁར་ནི“མཚོ་འདབས་ཀྱི་ཚོང་ཁྲོམ་ཆེན་པོ”རུ་དངོས་འབྲེལ་ཆགས་ཁར“པེ་ཅིང་མཁར་ཆུང་བ”ཞེས་པའི་སྙན་གྲགས་ཕྱོགས་བཞིར་ཁྱབ་པ་རེད།
         “མིང་གོའི་དུས་འགོར་དབྱིན་ཇི་དང་། ཨུ་རུ་སུ། འཇར་མན་སོགས་ཀྱི་ཚོང་པ་སྟོང་སྐོར་དུ་འདུས་པ་དང་། ཡུལ་དེ་གའི་བལ་འཇམ་ལ་སྤུས་ཀ་ལེགས་པ་ནི་ཨོ་གླིང་ལས་ལེགས་པ་ཡོད”ཅེས་ཡུལ་དེ་གའི་དམངས་སྲོལ་རིག་པ་མཁས་ཅན་ཏུང་ཧའོ་ཡིས་སྤྲོ་སྣང་ངང་གནའ་མཁར་གྱི་སྔོན་དུས་ཀྱི་དར་རྒྱས་གླེང་ཞིང་། ཁོང་གིས་ནུབ་ལུགས་ཀྱི་བཟོ་བཀོད་ཅིག་སྟོན་བཞིན“ཕྱི་གླིང་པའི་ཁང་པ་འདི་ནི་ང་ཚོས་བསྐྱར་སྐྲུན་བྱས་པ་ཡིན། སྔོན་ཆད་ཕྱི་གླིང་པའི་ཚོང་པ་སྡོད་སའང་ཡུལ་འདི་གའི་ཁང་པ་ཡིན”ཞེས་བརྗོད།
           ཁྲོམ་གཞུང་གཙོ་བོར་འཆམ་འཆམ་དུ་སྐྱོད་དུས། ལྟ་ན་སྡུག་པའི་རི་མོ་བརྒྱན་པའི་གློག་སྒྲོན་སྟར་ལ་རྒྱུས་ནས་ཁྲ་ཆེམ་ཆེམ་དུ་སྣང་། མཚན་མོར་གློག་སྒྲོན་གྱི་འོད་སྣང་འཕྲོས་ཏེ་ཡི་གར་འོང་བ་ཞིག་རེད། དེ་ནི“སྟོང་སྐོར་གྱི་གློག་སྒྲོན”ཞེས་གྲགས་པའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་ལ་སྔོན་ཆད་དེ་ཡང་ཚོང་ལས་དང་བསྟུན་ནས་བྱུང་བ་ཞིག་རེད།
          མུ་མཐུད་མདུན་ལ་བསྐྱོད་པ་དང་ཡུལ་མིའི་ཁང་པ་སྟར་པ་ཞིག་གི་འཁྲིས་སུ་སླེབས་དུས་ཏུང་ཧའོ་ཡིས“ཁྱེད་ཀྱིས་གཟིགས་དང”ཞེས་ཐོག་རྩེར་མཛུབ་མོས་བསྟན། ཁང་ཀླད་ཡོངས་ངོས་མཉམ་ཡིན་པར་མཐོང་བྱུང་། “མཚོ་སྔོན་གྱི་ས་ཁྱོན་ཧ་ཅང་ཆེ་བས་མཚོ་སྔོན་གྱི་ཁང་ཀླད་དུ་རྟ་རྒྱུག་བྱེད་ཆོག”ཅེས་ཏུང་ཧའོ་ཡིས་འཛུམ་བཞིན་བཤད་ཅིང་། སྟོང་སྐོར་མཁར་དུ་བལ་ལྤགས་ཉོ་ཚོང་དར་རྒྱས་ཆེ་བས་ཁང་ཀླད་ངོས་མཉམ་སྒང་བལ་ལྤགས་ཉི་མར་སྐེམ་གྱི་ཡོད་པ་རེད་ཅེས་བཤད་བྱུང་།
         གློ་བུར་དུ་དྲི་བསུང་ཞིག་སྣ་ལམ་དུ་འཐུལ། གསར་འགོད་པ་ཧྲན་ཤིས་ནས་ཡིན་པས་དྲི་མ་དེ་ལ་ཧ་ཅང་རྒྱུས་མངའ་ཡོད་པས“ཚུའུ་ཡི་དྲི་མ་ཁ་གི་འདུག”ཅེས་ངག་ལས་ཐལ།
        “དེ་ག་རང་རེད། སྟོང་སྐོར་གྱི་ཚུའུ་རྙིང་ནི་ཁྱེད་ཚོ་ཧྲན་ཤིས་བས་ཁྱེར་ཡོང་བ་རེད”ཅེས་ཏུང་ཧའོ་ཡིས་བཤད།
        “སྟོང་སྐོར་གྱི་ཚུའུ་རྙིང་དེ་ས་ཆ་འདི་གར་གཞི་ནས་བཟོ་ཐུབ་ཀྱི་ཡོད། གནས་འདི་ནི་མཚོ་སྔོན་པོ་དང་ཐག་ཉེ་ལ་ནམ་ཟླ་བསིལ་ཞིང་དྲོད་ཚད་རན་པོ་ཡོད། སྟོང་སྐོར་གྱི་ཚུའུ་རྫས་གཞན་དུ་ཁྱེར་ནས་བཟོས་པ་ཡིན་ན་བྲོ་བ་ཏག་ཏག་ཅིག་ཡོང་གི་མ་རེད”ཅེས་ཁོང་གིས་བཤད།
          གནའ་མཁར་ཡོངས་སུ་མྱུལ་བ་ན། ཡུལ་ལྷའི་ལྷ་ཁང་དང་ཁུང་ཙིའི་མཆོད་ཁང་སོགས་རྒྱའི་རིག་གནས་ཀྱི་བཟོ་བཀོད་མཐོང་བྱུང་། གཞན་ཡང་། སྟོང་སྐོར་རྫོང་ཁོངས་སུ་གྲྭ་ཚང་དགོན་དང་སྟོང་སྐོར་དགོན་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་པ་དང་ཆོས་སྡེ་ཡང་མང་པོ་ཡོད་ཅིང་། གནའ་མཁར་བྱང་ཤར་གྱི་བྱང་སྣེའི་རི་བོ་ནི་དེ་བས་ཀྱང་རུའུ་ལུགས་དང་། སངས་རྒྱས་ཆོས་ལུགས། ཏའོ་ལུགས་བཅས་གསུམ་གྱི་གནས་མཆོག་ཡིན་པ་རེད། སྟོང་སྐོར་གྱི་གནས་འདིར་ཚོང་ལས་དར་བའི་ལོ་རྒྱུས་དང་མི་རིགས་སྣ་མང་འཛོམས་པའི་བྱུང་ཚུལ་ལ་རྒྱུས་མེད་ན། དེ་གའི་བློ་རྒྱ་ཆེན་པོའང་རྟོགས་ཐབས་མེད།