འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་7ཉིན།

༄༅།།ཀྲུང་གོས་2020ལོར་5Gདྲ་རྒྱ་དངོས་སུ་བེད་སྤྱོད་གཏོང་རྒྱུ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་07ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་གོས་2020ལོར་5Gདྲ་རྒྱ་དངོས་སུ་བེད་སྤྱོད་གཏོང་རྒྱུ།
     མི་དམངས་དྲ་བའི་འཕྲིན། 2018ལོ་ནི"5Gཡི་ལོ་དང་པོ"ཞེས་འབོད། མིག་སྔར། གོ་ལ་ཧྲིལ་པོའི་གཉེར་སྐྱོང་ཚོང་པས་ཚ་ཚ་འུར་འུར་སྒོས5Gདྲ་རྒྱ་ཡི་ཚོང་ལས་སྒྲིག་འགོད་བྱེད་བཞིན་ཡོད། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2018ལོའི་ཟླ་11པའི་བར་དུ། གོ་ལ་ཧྲིལ་བོའི་ཚོང་ལས་གཉེར་སྐྱོང་པ་182ཀྱིས་རྒྱལ་ཁབ་78དུ་5Gདྲ་རྒྱ་ཚོད་ལྟ་དང་སྒྲིག་འགོད། མ་རྩ་གཏོང་བ་སོགས་ཀྱི་ལས་ཀ་བསྒྲུབས་ཚར་འདུག  ཀྲུང་གོའི་འགུལ་འཕྲིན་དང་ཀྲུང་གོའི་འཕྲིན་འབྲེལ། ཀྲུང་གོའི་གློག་འཕྲིན་བཅས་གཉེར་སྐྱོང་བྱེད་མཁན་ཆེན་པོ་གསུམ་གྱིས་འཆར་འགོད་ལ་གཞིགས་ན། ཀྲུང་གོས་2020ལོར་5Gདྲ་རྒྱ་དངོས་སུ་བེད་སྤྱོད་གཏོང་རྒྱུའི་འཆར་གཞི་ཡོད། 
     དྲ་རྒྱའི་དུས་རབས་ཀྱི་གཞི་རྩའི་སྒྲིག་ཆས།
     ཚོང་གཉེར་དང་ཐག་ཉེ་ཡང་། སྤྱི་ལ་ཁྱབ་པར་ད་དུང་དུས་ཚོད་དགོས།
      "5G"ནི་2018ལོའི་ཐ་སྙད་གྲགས་ཆེ་ཤོས་དེ་རེད། 4Gཡིས་འཚོ་བ་འགྱུར་ལྡོག་བཏང་བ་དང་། 5Gཡིས་སྤྱི་ཚོགས་འགྱུར་ལྡོག་གཏོང་རྒྱུ་ནི་ལས་རིགས་ནང་གི་ཐུན་མོང་འདུ་ཤེས་སུ་ཆགས་ཡོད།
     གལ་ཏེ་3Gཡིས་དྲ་བའི་བཞུར་ཚད་ཀྱི་སྒོ་ཆེན་ཕྱེ་བ་ཡིན་ན། 4Gཡིས་འགུལ་འཕྲིན་གྱི་མཐོང་ཐོས་དུས་རབས་ཀྱི་སྒོ་མོ་ཕྱེ་ཡོད། 3Gདང་4Gགྱི་ལག་རྩལ་རིམ་པ་སྤར་བ་ནི་གཙོ་བོ་ཁ་པར་སོགས་སྤོ་འགུལ་སྒྲིག་ཆས་ཞབས་ཞུའི་དམིགས་ཡུལ་མི་འདྲ་བས་རེད། 5Gདྲ་བའི་ལག་རྩལ་གྱི་ངོ་བོ་ནི་ང་ཚོ་ལ་དྲ་རྒྱའི་འགྲོས་ཚད་སྔར་བས་མགྱོགས་པ་ཞིག་སྤྲོད་རྒྱུ་དེ་མ་ཡིན་པར། དུས་འགོར་འགྱངས་ཉུང་ཞིང་བརྟན་བརླིང་རང་བཞིན་ཆེ་བ། ཤོང་ཚད་ཆེ་བའི་སྒྲིག་ཆས་དང་འབྲེལ་མཐུད་ཐུབ་པ་སོགས་ནུས་པ་རབ་དང་རིམ་པ་མཐོར་འདེགས་སུ་གཏོང་བ་ཡིན་པས། ང་ཚོ་ལ་དེ་སྔོན་གྱི་3Gདང་4Gལ་མེད་པའི་ནུས་པ་ཞིག་སྤྲོད་རྒྱུ་རེད།
     དེས་ན། 5Gདང་ང་ཚོའི་བར་བར་ཐག་ཇི་ཙམ་ཡོད་དམ། 5Gཚོང་གཉེར་ནམ་ཞིག་ལ་མངོན་འགྱུར་བྱ་ཐུབ་བམ།
     ད་ལོའི་ཟླ་6པར། 5Gཡི་ཚད་གཞི་འཐུས་ཚང་ཡིན་པའི་R15ཐོག་མ་ཕྱིར་ཐོན་པ་དེས་5Gལ་ཁ་གཏད་པའི་ཚོང་གཉེར་གཞི་རྒྱ་ཡི་དྲ་རྒྱའི་སྒྲིག་ཆས་དང་། ཉིང་ལྷེབ། ཁ་པར། དེ་བཞིན་དུ་རིགས་འདྲ་མིན་སྣ་ཚོགས་ཀྱི་རིག་ནུས་མཁྲེགས་ཆས་ཐོན་སྐྱེད་བྱེད་ཆོག་པ་མཚོན་ཡོད། ཀུའུ་ཆི་ཡིས་སྔོན་དཔག་བྱས་ན། འདི་འདྲའི་རྨང་གཞི་ཐོག་ཏུ། གོ་ལ་ཡོངས་ཀྱི་ཁྱབ་ཁོངས་ནས་བལྟས་ན། 5Gཚོང་གཉེར་ནི་2019ལོར་ཐོན་རྒྱུ་རེད་ཅེས་དང་། དུས་མཉམ་དུ་ཀུའུ་ཆི་ཡིས། 5Gཚོང་གཉེར་ལ་བེད་སྤྱོད་པ་ནི་5Gཞབས་ཞུ་འགོ་ཚུགས་པ་མཚོན་པ་ལས། 5Gགཞི་རྒྱ་ཆེན་པོའི་ངང་བེད་སྤྱོད་གཏོང་བར་ད་དུང་ཚོང་གཉེར་ལ་བེད་སྤྱད་རྗེས་ཀྱི་ལོ་གཉིས་ནས་གསུམ་ལ་སྒུག་དགོས་ཞེས་ཟེར།
     5Gཡིས་སྤྱི་ཚོགས་འགྱུར་བ་གཏོང་བ།
     ཐོན་ལས་ལས་ཆོད་མཐོ་རུ་གཏོང་བ་དང་། ལས་རིགས་སོ་སོར་ཕན་ཐོགས་པ།
     ལས་རིགས་ནང་དུ་དཔེ་འཇོག་གསོན་ཉམས་ལྡན་པ་ཞིག་ཡོད་དེ། གལ་ཏེ་4Gནི"ལམ་བཟོ་བ"ལ་དཔེ་བཞག་ན། 5Gནི"གྲོང་ཁྱེར་འཛུགས་སྐྲུན"ལྟ་བུ་རེད། 5Gཡིས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་དངོས་སུ་སླེབས་པ་ལྟ་བུའི་མྱོང་བ་ཞིག་སྤྲོད་ཐུབ།
     སྨན་པས་འཆར་ངོས་བརྒྱུད་ནས་ས་ལེ་བར་སྟོང་ཕྲག་གི་ཕྱི་རོལ་གྱི་སྨན་བཅོས་སྲོག་སྐྱོབ་རླངས་འཁོར་ནང་གི་གནས་ཚུལ་ཧྲིལ་པོ་དུས་ཐོག་ཏུ་མཐོང་ཐུབ་པ་མ་ཟད། ད་དུང་ཐད་ཀར་སྙིང་གི་གློག་རིས་ལ་ཞིབ་བཤེར་བྱེད་ཐུབ། ཁྱིམ་གྱི་འཁྱག་སྒམ་གྱིས་བདག་པོའི་བཟའ་བཅའ་ཉོ་བའི་གོམས་གཤིས་ལ་གཞིགས་ནས། རང་འགུལ་ངང་ཚོང་ར་ནས་ཟས་རིགས་གསར་པ་ཉོ་ཐུབ། རླངས་འཁོར་གྱིས་རྙོག་འཛིང་ཆེ་བའི་གནམ་གཤིས་ནང་ཡང་དག་པའི་ངང་ལམ་རྟགས་ངོས་འཛིན་བྱེད་ཐུབ་མ་ཟད་ལམ་སྣ་ཡང་དག་པར་ཁྲིད་ཐུབ།
     དེས་ན་5Gཇི་ལྟར་སྔར་བས་ལེགས་པོ་ཞིག་འཛུགས་སྐྲུན་བྱ་དགོས་ཞེ་ན། དེ་ལ་ཀུའུ་ཆི་ལྟར་ན། 5Gབདེ་བླག་ངང་ཉེར་སྤྱོད་ཐུབ་རྒྱུ་ནི་སྲིད་གཞུང་དང་གཉེར་སྐྱོང་བྱེད་མཁན་གྱི་ཚོང་པ། ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱ་དགོས་པར་འདོད།