འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་6ཉིན།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གིས་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་རྗེས་རྟེན་འབྲེལ་གྱི་བྱེད་སྒོ་སྤེལ་
མི་ཆོག་ཅེས་བསྒྲགས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་06ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      མི་དམངས་དྲ་བའི་འཕྲིན། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་སྐྱོར་གཞུང་ལས་ཁང་གིས་བརྡ་ཐོ་བཏང་ནས། དབུལ་ཕོངས་རྫོང་གིས་དབུལ་ཞྭ་འཕུད་པ་དང་འབྲེལ་བའི་ལས་ཀ་ཚད་ལྡན་བྱ་རྒྱུའི་བླང་བྱ་བཏོན་ཡོད།  དབུལ་ཕོངས་རྫོང་གིས་ཞྭ་མོ་ཕུད་རྗེས་སུ་ རྟེན་འབྲེལ་ཞུ་བའི་བྱེད་སྒོ་མཐའ་གཅིག་ཏུ་མི་སྤེལ་བ་དང་། ཞྭ་མོ་འཕུད་པའི་ཆེད་དོན་དྲིལ་བསྒྲགས་ཀྱི་བརྙན་མི་ལེན་པ། ཞྭ་མོ་འཕུད་པ་བརྗོད་གཞི་བྱས་པའི་འབྲེལ་ཡོད་བྱེད་སྒོ་མི་སྤེལ་རྒྱུ་བརྡ་ཐོའི་ནང་དུ་གསལ་པོར་བསྟན་ཡོད།
     འདི་ནི་གསར་འགོད་པས་ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཡིན་པ་དང་། བརྡ་ཐོ་ལས་བསྟན་དོན། དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་པའི་རིང་ལ། དབུལ་ཕོངས་རྫོང་153གྱིས་དབུལ་ཞྭ་ཕུད་ཡོད་པ་དང་། དེ་ལ་སྤྱི་ཚོགས་ལས་རིགས་སོ་སོས་ཁས་ལེན་ཐོབ་ཅིང་གདེང་འཇོག་ལེགས་པོ་བྱེད་ཀྱི་ཡོད། ད་ལོ་དང་སང་ལོ་གཉིས་ནི་དབུལ་ཕོངས་རྫོང་གི་ཞྭ་མོ་འཕུད་མང་བའི་དུས་སྐབས་སུ་སླེབས་རྒྱུ་རེད།
     བརྡ་ཐོའི་ནང་། དབུལ་ཕོངས་རྫོང་གི་དབུལ་ཞྭ་འཕུད་པ་བརྗོད་གཞི་ཡིན་པའི་བྱེད་སྒོ་སྤེལ་བར་དོ་དམ་ནན་མོ་བྱེད་དགོས་པ་དང་། དབུལ་ཕོངས་རྫོང་གི་དབུལ་ཞྭ་འཕུད་པའི་ཕྱོགས་བསྡོམས་དང་ཁྱབ་སྒྲོག་ལས་ཀ་གཅིག་གྱུར་ངང་འཆར་འགོད་ཚད་ལྡན་བྱ་དགོས་པ་བསྟན་ཡོད་པ་དང་། དབུལ་ཕོངས་རྫོང་གི་དབུལ་ཞྭ་ཕུད་རྗེས་ཀྱི་ཕྱོགས་བསྡོམས་དང་ཁྱབ་སྒྲོག་ལས་ཀ་ནི་རྒྱལ་ཁབ་དང་ཞིང་ཆེན་རིམ་པ་ནས་གཅིག་གྱུར་གྱིས་མཐུན་སྦྱོར་དང་རྩ་འཛུགས་ལག་བསྟར་བྱ་རྒྱུ། དབུལ་ཕོངས་རྫོང་གིས་དབུལ་ཞྭ་ཕུད་རྗེས། ཉམས་མྱོང་ཕྱོགས་བསྡོམས་ནན་པོ་བྱེད་པ་དང་། གྲོན་ཆུང་གི་རྩ་དོན་ལ་གཞིགས་ནས་འབྲེལ་ཡོད་ཕྱོགས་ལ་དྲིལ་སྒྲོག་འོས་འཚམ་བྱ་དགོས་པ་བསྟན་ཡོད།
     བརྡ་ཐོའི་ནང་། དབུལ་ཞྭ་ཕུད་རྗེས་ཀྱི་དབུལ་སྐྱོར་ལས་ཀ་ནན་གྱིས་བསྒྲུབ་དགོས་ཤིང་། དབུལ་ཕོངས་རྫོང་གིས་དབུལ་ཞྭ་ཕུད་པ་ནི་དུས་རིམ་རང་བཞིན་གྱི་འོས་འགན་ཞིག་གྲུབ་ཟིན་པ་ལས། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ད་དུང་འགྲུབ་མེད་པ་དང་།  དབུལ་ཞྭ་འཕུད་པ་ལས་ལས་འགན་དང་། སྲིད་ཇུས། རོགས་སྐྱོར། ལྟ་སྐུལ་དོ་དམ་བཅས་མི་འཕུད་པ་བྱས་ནས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་བར་གྱི་འབྲེལ་བ་ལེགས་པོ་བྱེད་པ་དང་། དབུལ་སྒྲོལ་གྱི་འབྲས་བུ་སྲ་བརྟན་བཏང་ནས་སླར་ཡང་དབུལ་ཕོངས་ལ་འགྱུར་བར་སྔོན་འགོག་བྱ་དགོས་པ་བསྟན་ཡོད།