འཚོལ་བཤེར།   
藏文频道
2018ལོའི་ཟླ་12ཚེས་3ཉིན།

༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དགུ་པ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་03ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དགུ་པ་སྤེལ་བ།
     མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་2ཉིན་(བོད་ཟླ་10ཚེས་25ཉིན་)གྱི་དགོང་མོར། སློབ་མའི་གསར་གཏོད་དང་ལག་ལེན་གྱི་ནུས་པ་རིམ་གྱིས་གསོ་སྐྱོང་བྱས་ཏེ། རིག་གཞུང་གི་ཁོར་ཡུག་ལེགས་པོ་དང་སློབ་སྲོལ་ལེགས་པོ་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་ཆེད། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གིས་གཙོ་སྒྲུབ་གནང་ཞིང་། བོད་རིག་པ་ཞིབ་འཇུག་གླིང་གི་ཞིབ་འཇུག་སློབ་མའི་ཚོགས་པས་འགན་སྒྲུབ་བྱས་པའི་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དགུ་པ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཐོག་ཁང་ནུབ་མའི་རིག་གཞུང་སྙན་སྒྲོན་ཚོམས་ཆེན་སྟེང་མ་རུ་སྤེལ་བ་རེད། 
    སྐབས་འདིའི་རིག་གཞུང་བགྲོ་གླེང་ལ་ཁྱོན་ལས་རིམ་དྲུག་ཡོད་པ་སྟེ། ལས་རིམ་དང་པོ། ཚོགས་འདུའི་དབུ་འབྱེད་མཛད་སྒོ་སྟེ། མདོ་འཛིན་པས་ཚོགས་འདུའི་ནང་དོན་དང་ཚོགས་ཞུགས་དགེ་རྒན་དག་ངོ་སྤྲོད་གནང་ཞིང་། དགེ་རྒན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་ཤིས་ཚིག་ཕུལ་བ་དང་། ལས་རིམ་གཉིས་པ། 《རྟེན་འབྲེལ་བསྟོད་པ》སྙན་མོ་ངག་གི་མཆོད་པ་སྟེ། བོད་རིག་པ་ཞིབ་འཇུག་གླིང་གི་དངོས་གཞི་སློབ་མའི་ལོ་རིམ་གསུམ་པའི་འཛིན་གྲྭ་ཡོངས་ཀྱིས་མཉམ་དུ་བློ་ནས་རྗེ་ཙོང་ཁ་པས་མཛད་གནང་བའི་《རྟེན་འབྲེལ་བསྟོད་པ》གྱེར་འདོན་བྱས། ལས་རིམ་གསུམ་པ། རིག་གཞུང་བགྲོ་གླེང་ཕྲ་ཞིབ་རིག་པའི་བྲོ་གར(དང་པོ)ཏེ། ཚོགས་ཞུགས་དཔྱད་རྩོམ་སྙན་ཞུ་བས་དཔྱད་རྩོམ་སྙན་ཞུ་གནང་བ་དང་། ཚོགས་སུ་ཕེབས་པའི་དགེ་རྒན་གྱིས་དཔྱད་བརྗོད་གནང་། ལས་རིམ་བཞི་བ། སྙན་ངག་གྱེར་འདོན་སྤོབས་པའི་གདོང་གི་ང་རོ་སྟེ། སློབ་མ་བཅུ་ཡིས《རྒྱལ་མོ་ཚ་བ་རོང་》ཞེས་པ་གྱེར་འདོན་བྱས། ལས་རིམ་ལྔ་བ། རིག་གཞུང་བགྲོ་གླེང་ཕྲ་ཞིབ་རིག་པའི་བྲོ་གར(གཉིས་པ)ཏེ། ཚོགས་ཞུགས་དཔྱད་རྩོམ་སྙན་ཞུ་བས་དཔྱད་རྩོམ་སྙན་ཞུ་གནང་བ་དང། དགེ་རྒན་གྱིས་དཔྱད་བརྗོད་གནང་། ལས་རིམ་དྲུག་པ། ཚོགས་འདུའི་མཇུག་བསྡུས་མཛད་སྒོ་སྟེ། བོད་རིག་པ་ཞིབ་འཇུག་གླིང་གི་འགོ་ཁྲིད་དང་དགེ་རྒན་ཚོས་དཔྱད་རྩོམ་འགྲན་བསྡུར་གྱི་བྱ་དགའ་གནང་བ་དང་། གླིང་གཙོ་གཞོན་པ་འབྲུག་ལྷས་སློབ་གླིང་གི་ཚབ་ཏུ་མཇུག་སྡོམ་གསུང་བཤད་གནང་ནས་སྐབས་འདིའི་རིག་གཞུང་བགྲོ་གླེང་བདེ་བླག་ངང་མཇུག་སྒྲིལ་ཡོད། 
༄༅།།ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་རྗེ་ཙོང་ཁ་པ་རྗེས་དྲན་གྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དགུ་པ་སྤེལ་བ།