འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་29ཉིན།

༄༅།།སློབ་གསོ་པུས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་བཅུའི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་
འགག་སྒྲོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་29ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། སློབ་གསོ་པུས་ཡུན་ནན་དང་། བོད་ལྗོངས། མཚོ་སྔོན་སོགས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་བཅུ་སྒྲིག་འཛུགས་བྱས་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་ཞིང་ཆེན་སྡེ་ཚན་གྱིས་མིང་རྟགས་བཀོད་པའི་དྲན་ཐོའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། འགག་སྒྲོལ་གྱི་གཙོ་གནད་ལ་སྔར་བས་དོ་ཁུར་བྱེད་པ། འཕྲད་པའི་གནད་དོན་དང་དཀའ་གནད་མངོན་གསལ་དོད་པོར་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་པ་དང་སྦྲགས་གོམ་སྟབས་རྗེས་མའི་ལས་ཀའི་བསམ་ཕྱོགས་ཁ་གསལ་བཏོན་ཡོད་པ་རེད།
     སློབ་གསོ་པུའི་ཏང་ཙུའི་ཁོངས་མི་པུའུ་ཀྲང་གཞོན་པ་ཀྲུའུ་ཀྲི་ཝུན་གྱིས་ཚོགས་འདུའི་ཐོག སློབ་གསོ་པུས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་རྣམ་གྲངས་ཇུས་གཞི་སྒྲིག་འཛུགས་ལག་བསྟར་བྱེད་པ། སློབ་གསོའི་གྲོན་དངུལ་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་ཀའི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྱབ་གདལ་འགག་སྒྲོལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་ལྟ་བཤེར་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་སོགས་བྱེད་པ་བརྒྱུད། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་འགག་སྒྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱིའི་ཆ་ནས་བལྟས་ན། ཁྱབ་གདལ་འགག་སྒྲོལ་ལ་འཕེལ་རྒྱས་ཡག་པོ་བྱུང་ནས་རྒྱལ་ཡོངས་ཀྱི་ཁྱབ་གདལ་དམིགས་ཚད་འབད་བརྩོན་བྱས་པ་བརྒྱུད་མངོན་འགྱུར་ཐུབ་མོད། འོན་ཀྱང་ནུབ་རྒྱུད་ཀྱི་ཞིང་ཆེན་ཁག་གཅིག་ལ་ཁྱབ་གདལ་དམིགས་ཚད་མངོན་འགྱུར་བྱེད་པའི་དཀའ་གནད་ཅུང་ཆེ་བ་དང་། 
     ལས་རིགས་སློབ་གསོ་ཁྱབ་གདལ་གྱི་བསྡུར་གྲངས་སྙོམས་པོ་མེད་པ། སྤྱིའི་ཐོན་ཁུངས་དཀོན་པ། མ་འཇོག་དགོས་མཁོ་ཆེ་བ། མཐོ་སློབ་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་ལ་འགྲན་སློང་གསར་པ་འཕྲད་པ་སོགས་ཀྱི་དཀའ་གནད་འཕྲད་ཡོད་ཅེས་བརྗོད་པ་དང་། ཁོང་གིས་2020ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ན་འདྲེས་སློབ་ཞུགས་བྱེད་ཚད་90%ཟིན་ནས་ལས་རིགས་སློབ་གསོའི་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་གྲངས་འབོར་དང་ཧ་ལམ་འདྲ་མཚུངས་ཡོང་རྒྱུ་ཡིན་པས་མཐོ་རིམ་སློབ་འབྲིང་དཀྱུས་མའི་འཛིན་གྲྭ་མཐོ་བའི་གཏན་འཁེལ་སློབ་མ་གྲངས་ཚད་ལས་བརྒལ་བའི་སྣང་ཚུལ་མི་ཐོན་པ་དང་། སློབ་མ་རེའི་ཆ་སྙོམས་གྲོན་དངུལ་སྤྲོད་པའི་ཚད་གཞི་དུས་ཚོད་དམ་འཛིན་གྱིས་བཟོ་བ་དང་འབྲེལ་དོན་ཐོག་ཏུ་འཁྱོལ་བ། ངེས་པར་དུ་རྒྱུན་གཏན་ལས་ལྷག་པའི་བྱ་ཐབས་སྤྱོད་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་ཐུབ་པ་བྱ་རྒྱུ་རེད་ཅེས་ནན་བཤད་བྱས་པ་རེད།