འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་22ཉིན།

༄༅།།སྨན་བཅོས་ལས་ཁུངས་ཀྱིས་གཡོ་ཐབས་ཀྱིས་སྨན་ཁང་དུ་སྡོད་བཅུག་པར་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གཙོ་གནད་དུ་བཟུང་ནས་ཞིབ་
བཤེར་ཐག་གཅོད་བྱ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་22ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེསག21ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ནས། སྨན་བཅོས་འགན་ལེན་ཐེབས་རྩ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་གྱི་གནས་ཚུལ་ངོ་སྤྲོད་བྱས་ཡོད།
     རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ལྟ་ཞིབ་དོ་དམ་ཚོགས་པའི་སྣེ་ཁྲིད་མཁན་ཧོང་ཧྭ་པོ་ཡིས་ངོ་སྤྲོད་བྱས་དོན། རྒྱལ་ཡོངས་སུ་སྨན་བཅོས་འགན་ལེན་ཐེབས་རྩ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ"ཕྱིར་མིག་ལྟ་བ"སྤེལ་རྒྱུ་ཡིན་པ་དང་། དེའི་ནང་སྨན་བཅོས་ལས་ཁུངས་ཀྱིས་གཡོ་ཐབས་ཀྱིས་སྨན་ཁང་ལ་སྡོད་བཅུག་པའི་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་གལ་ཆེན་བྱ་རྒྱུ་རེད།
     ད་ལོའི་ཟླ་9པར། “སྨན་བཅོས་འགན་ལེན་ཐེབས་རྩ་མགོ་སྐོར་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་”འགོ་བཙུགས་རྗེས། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་འཕྲོད་བསྟེན་བདེ་ཐང་དང་། སྤྱི་བདེ་ཁང་། སྨན་རྫས་ལྟ་སྐུལ་སོགས་ཀྱི་སྡེ་ཁག་དག་དང་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཁག་ཅིག་ཞིབ་བཤེར་ཐག་གཅོད་བྱས་པ་རེད། ཐེངས་འདིའི་ཆེད་དོན་བྱ་འགུལ་ནི་སྨན་བཅོས་ལམ་ལུགས་བཙུགས་ཚུན་སྨན་བཅོས་འགན་བཅོལ་གཡོ་ལེན་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་རྒྱལ་ཁབ་རང་བཞིན་གྱི་ཆེད་དོན་བྱ་འགུལ་ཐོག་མ་དེའང་རེད་འདུག 
     རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུས་ཀྱིས་ད་དུང་རྒྱལ་ཡོངས་ཁྱབ་ཁོངས་ནས་སྨན་བཅོས་འགན་ལེན་ཐེབས་རྩ་གཡོ་ལེན་བྱེད་པར་རྡུང་རྡེག་གཏོང་བའི་ཆེད་དོན་བྱ་འགུལ་"ཕྱིར་མིག་ལྟ་བ"ཞེས་པ་སྤེལ་རྒྱུ་ཡིན་པ་མ་ཟད། ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ཀྱང་ཁྱབ་སྒྲོག་བྱ་རྒྱུ་ཐག་བཅད་ཡོད། 
      "ཕྱིར་མིག་ལྟ་བ"ནི་གཙོ་བོ་ཁྱབ་ཁོངས་གསུམ་ལ་ཁ་གཏད་ཡོད་དེ། གཅིག་ནི་སྨན་བཅོས་ལས་ཁུངས་ཏེ། འགན་བཅོལ་ལ་ཞུགས་མཁན་མགོ་བསྐོར་ནས་སྨན་ཁང་དུ་སྡོད་འཇུག་པ་དང་། གང་དེའི་སྤྱི་ཚོགས་འགན་སྲུང་གཱ་བེད་སྤྱོད་པ། སྨན་བཅོས་ཡིག་ཆ་དང་སྤ་སེ་རྫུན་མ་བཟོ་བ། འགན་བཅོལ་ལ་ཞུགས་མཁན་ལ་རོགས་བྱས་ནས་སྨན་བཅོས་འགན་བཅོལ་དངུལ་གཡོ་ལེན་བྱེད་པ། སྨན་བཅོས་ཞབས་ཞུའི་རིན་པ་རྫུན་འགོད་བྱེད་པ་སོགས་ཀྱི་བྱ་སྤྱོད་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་། གཉིས་ནི་སྨན་རྫས་སིལ་ཚོང་ཁང་སྟེ། སྨན་རྫས་བརྗེ་རེས་བྱེད་པ་དང་འགན་བཅོལ་གཱ་བེད་སྤྱད་ནས་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་གཙོར་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ། གསུམ་ནི་འགན་བཅོལ་ལ་ཞུགས་མཁན་ཏེ། སྤ་སེ་རྫུན་བཟོ་བྱས་པ་བརྒྱུད་ནས་དངུལ་གཡོ་ལེན་བྱེད་པའི་བྱ་སྤྱོད་གཙོར་བཟུང་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་བཅས་རེད།
      རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཆེད་དོན་བྱ་འགུལ་གྱི་ཐེར་འདོན་གོང་ཞུའི་ཁ་པར་ནི 010-89061396དང་010-89061397རེད།