འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།རང་རྒྱལ་གྱིས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པའི་ཐད་ཚན་རྩལ་གྱི་འདེགས་སྐྱོར་ཡག་པོ་མཁོ་འདོན་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་རིག་དངོས་ཅུས་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཚན་རིག་ལག་རྩལ་པུའུ་བཅས་ཀྱིས་ཉེ་ཆར《རིག་དངོས་སྲུང་སྐྱོང་སྒྲིག་ཆས་འཕེལ་རྒྱས་རྩ་གནད(2018ལོ་ནས་2025ལོ་བར)》བཀྲམ་པའི་ནང་། བདེ་འཇགས་འགོག་སྲུང་དང་ལྟ་འདོམས་དང་། རིག་དངོས་རྩད་ཞིབ་དང་གནའ་དཔྱད། རིག་དངོས་ལྟ་ཞིབ་དང་ཉམས་གསོ། རིག་དངོས་འགྲེམས་སྟོན་དང་བེད་སྤྱོད་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། རིག་དངོས་སྲུང་སྐྱོབ་སྒྲིག་ཆས་ཁྱབ་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཚན་རྩལ་གྱི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།
        རྩ་གནད་ནང་། གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་དང་། གནའ་བོའི་བང་སོ། བྲག་ཕུག་དགོན་པ། རི་ཐང་གི་རྡོ་བརྐོས། ཆུ་འོག་རིག་དངོས་བཅས་ཀྱི་སྲུང་སྐྱོང་ས་ཁོངས་དང་དེ་བཞིན་གནའ་རྫས་རྟོག་ཞིབ་བྱ་ཡུལ་གྱི་བདེ་འཇགས་ཉེན་ཟོན་དང་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་དངོས་བཟོ་བཀོད(ཁྱུ་ཚོགས)ཀྱི་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ཉེན་བརྡ་དང་མེ་གསོད་སོགས་ཀྱི་སྤྱོད་གོ་ཆོད་པའི་སྔོན་ཐོན་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། ལག་རྩལ་ཐོན་རྫས་ཆེད་ལས་ཅན་དང་། རིམ་བསྟར་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིམ་བཞིན་ཁྱབ་ཁོངས་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། མ་ལག་ཕྱོགས་བསྡུས་ལ་མཐོང་ཆེན་བྱས་ནས་རིམ་དབྱེའི་རིག་དངོས་བདེ་འཇགས་རྒྱང་རིང་ལྟ་སྐུལ་དང་མེ་ཟོན་རིག་དངོས་དྲ་སྦྲེལ་ལྟ་སྐུལ་ཚོད་འཛིན་ཐུབ་རྒྱུར་བརྒྱུད་རིམ་ལྡན་པའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་དགོས་ཞེས་བཏོན་ཡོད་པ་རེད།