འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་ཕྱོགས་ལ་ངར་ཤུགས་ཆེན་པོ་ལྡན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 16:15】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ཧྲེན་ཀྲེན་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་རྒྱལ་སྤྱིའི་མཐོ་གསར་ལག་རྩལ་གྲུབ་འབྲས་ཉོ་ཚོང་འདུ་ཚོགས་སྐབས་ཉི་ཤུ་པ་ཚེས་14ནས་18ཉིན་བར་ཧྲེན་ཀྲེན་དུ་འཚོགས་ཤིང་། ཀྲུང་གོ་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ཁང་གིས་དེའི་རིང་སྤེལ་བའི《2019ལོའི་ཀྲུང་གོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུ》ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། རང་རྒྱལ་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་འཕེལ་ཕྱོགས་ལ་ངར་ཤུགས་ཆེན་པོ་ལྡན་པ་དང་འཕར་ཚད་དེ་སྤྱིའི་དཔལ་འབྱོར་འཕར་ཚད་ལས་རྒྱུན་མཐུད་མྱུར་བ་ཡོད་པ་རེད། དེའི་ནང་རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་སྐྱེ་དངོས་ཐོན་ལས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྲོད་གཞི་ཁྱོན་ཆེ་ཤོས་དང་གསར་གཏོད་མང་ཤོས་ཀྱི་ཐོན་ལས་ཁྱབ་ཁོངས་གཉིས་ཀྱི་ངོས་ནས་ཅུང་མྱུར་པོ་འཕར་བ་དང་ཀ་རྟེན་གྱི་ནུས་པ་རྒྱུན་མཐུད་ཐོན་ཡོད།
       འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྲོད། རབས་གསར་པའི་ཆ་འཕྲིན་ལག་རྩལ་དང་སྐྱེ་དངོས་ཐོན་ལས་ཀྱི་སྣེ་ཁྲིད་པའི་གནས་བབ་སྔར་བས་སྲ་བརྟན་དུ་ཕྱིན་ཡོད།
       ཕྱོགས་གཅིག་ནས་ཆ་འཕྲིན་གྱི་འཛད་སྤྱོད་ལས་གློག་རྡུལ་ཆ་འཕྲིན་ཐོན་ལས་རྒྱུན་མཐུད་གོང་འཕེལ་མྱུར་པོ་འགྲོ་བའི་རྣམ་པར་སྐུལ་ཁྲིད་ཐེབས་ཤིང་། 2016ལོ་ནས་2017ལོའི་བར། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་ལོ་རེར་ཆ་སྙོམས་11.9%འཕར་ནས་དུས་མཚུངས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ཡོངས་ལས་བརྒྱ་ཆའི་གྲངས་5.6མྱུར་བར་འཕར་ཡོད་པ་དང་། 2017ལོའི་གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མས་གཞི་ཁྱོན་ཆེ་བའི་བཟོ་ལས་ཀྱི་རིན་ཐང་འཕར་མར་བཟུང་བའི་བསྡུར་ཚད་7.7%ཟིན་གྱི་ཡོད། 2017ལོར་རྒྱལ་ཡོངས་ཀྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཐད་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་5.5ཟིན་ནས་དུས་མཚུངས་ལས་13.9%འཕར་བ་དང་། ཡོང་འབབ་མང་ཉུང་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བཅུ་ཆ་གསུམ་ཙམ་འཕར་ཡོད།
       ཕྱོགས་གཞན་ཞིག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སོང་བ་དང་། འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པ། མི་རྣམས་ཀྱི་བདེ་ཐང་ལྟ་བར་འགྱུར་ལྡོག་ཕྱིན་པ་བཅས་དང་དེ་བཞིན། མི་འབོར་ན་རྒས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་མིའི་འཚོ་བའི་སྤུས་ཚད་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐྱེ་དངོས་ཐོན་ལས་ཉེ་བའི་ལོ་ཤས་རིང་རྒྱུན་མཐུད་མྱུར་པོ་འཕར་བའི་རྣམ་པ་ཞིག་མངོན་ཡོད།