འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བསྟུན་མཁས་རང་བཞིན་ཆེ་རུ་ཕྱིན་པའི་ཀྲུང་གོའི་གོ་སྐབས།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 13:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོར་སི་པི་གྲུ་ཁ་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དྲུག་པ་ཚེས་17དང་18ཉིན་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་རྒྱལ་ས་མོར་སི་པི་གྲུ་ཁར་འཚོགས་ཤིང་། ད་ཐེངས་ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བསྟུན་མཁས་རང་བཞིན་གྱི་གོ་སྐབས་ལ་དམ་འཛིན་གྱིས་གྲངས་འཛིན་ཅན་གྱི་འབྱུང་འགྱུར་བསུ་བ”ཞེས་པ་དེ་རེད། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་མགོ་བོ་འབུས་པ་དང་འཛམ་གླིང་དཔལ་འབྱོར་གྱི་ཉེན་ཁ་དང་འགྲན་སློང་མངོན་གསལ་དོད་དུ་ཕྱིན་པའི་མིག་སྔར། ཀྲུང་གོའི་ཇུས་གཞིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བསྟུན་མཁས་རང་བཞིན་གྱི་འཕེལ་རྒྱས་ལ་གོ་སྐབས་གསར་རྐྱང་ཞིག་གཏོད་བཞིན་ཡོད།
      དང་ཐོག སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་འཕེལ་རྒྱས་ལ་བརྟེན་ནས་བསྟུན་མཁས་ལ་སྐུལ་འདེད་གཏོང་བ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་རྒྱུ་མངོན་འགྱུར་ཡོང་བའི་རྩ་བ་དེ་ཡིན། བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་དགོས་ཚེ་ངེས་པར་དུ་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བར་གནས་པའི་དཔལ་འབྱོར་སྒྲིག་གཞི་དང་དེ་བཞིན་དཔལ་འབྱོར་སྒྲིག་གཞི་ཞིག་གི་ནང་ཁུལ་དུ་འཕེལ་རྒྱས་ཀྱི་ཆུ་ཚད་མི་འདྲ་བར་གནས་པའི་ས་ཁུལ་དང་མི་ཚོགས་ཚང་མར་སྤྱི་ཡོངས་ཀྱི་དཔལ་འབྱོར་འཕར་བའི་ཁྲོད་ནས་ཕན་པ་ཐོབ་པར་བྱེད་དགོས། དམིགས་ཚད་དེ་ལྟ་བུ་གྲུབ་དགོས་ཚེ་དཔལ་འབྱོར་སྒྲིག་གཞི་ཁག་གིས་ངེས་པར་དུ་སྒོ་དབྱེ་མཉམ་ལས་བརྒྱུད་འཕེལ་རྒྱས་ཀྱི་གོ་སྐབས་དང་འཕེལ་རྒྱས་ཀྱི་བར་མཐོངས་ཐུན་མོང་ཐོག་རྒྱ་སྐྱེད་བཏང་སྟེ་མཉམ་དུ་འཕེལ་རྒྱས་ཆེ་མོའི་གྲུབ་འབྲས་གཏོད་དགོས།
       སིང་ཀ་ཕོར་གྱི་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་གི་མཐོ་རིམ་ཞིབ་འཇུག་མཁས་དབང་ཧུའུ་དབྱིས་ཧྲན་གྱིས་ཀྲུང་གོས་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་རང་ངོས་ཀྱི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་ཡོང་ཐབས་བྱེད་པ་དང་ཆབས་ཅིག་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་བ་སོགས་ཀྱི་བྱ་ཐབས་གལ་ཆེན་བརྒྱུད་མ་འཇོག་དང་ཚོང་དོན་རང་མོས་ཅན་ལ་སྔར་བས་སྐུལ་འདེད་བཏང་བ་དང་ས་ཁུལ་གྱི་དཔལ་འབྱོར་འཕར་རྒྱུར་སྐུལ་ཁྲིད་བྱས་པ་དེ་ནི་མིག་སྔའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དུས་བབ་འོག་གི་ཕྱི་ཕྱོགས་ཀྱིས་རེ་སྒུག་བྱེད་པ་ཞིག་རེད་ཅེས་བཤད།
       གཉིས་ནས་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་དང་། གྲངས་འཛིནདང་དྲ་སྦྲེལ་དཔལ་འབྱོར་ཕན་ཚུན་སྦྲེལ་མཐུད་ཐུབ་པ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་བའི་འགག་རྩ་དེ་ཡིན། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཕྱི་འབྲེལ་དང་ཚོང་དོན་པུའུ་ཀྲང་ལུན་པིན་ཁེ·ཕ་ཐོའོ་ཡིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་ཚུན་སྦྲེལ་མཐུད་དེ་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་རྒྱུར་གལ་འགངས་ཧ་ཅང་ཆེན་པོ་ལྡན་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་ཀྲུང་གོས་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་རྨང་གཞིའི་སྒྲིག་བཀོད་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ཅེས་བཤད།
         མ་ལེ་ཞི་ཡ་ཧྲོང་ཝུའེ་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་དགེ་རྒན་ཆེ་མོ་བ་ཡའོ་ཅིན་ལུང་གིས་ཀྲུང་གོས་དར་སྤེལ་བཏང་བའི་རྒྱལ་སྤྱིའི་འཕེལ་རྒྱས་རྣམ་པར་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་རྒྱུ་སྔོན་འགྲོར་བྱས་ཏེ་འགྲིམ་འགྲུལ་དང་། ཟོག་འགྲེམས། འཕྲིན་གཏོང་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་དང་ས་ཁོངས་སྒྲོལ་བའི་ཚོང་དོན་དང་མ་འཇོག་བྱ་རྒྱུ་དར་སྤེལ་བཏང་བ་དེས་ཀྲུང་གོའི་དཔལ་འབྱོར་རོགས་ཟླར་འཕེལ་རྒྱས་ཀྱི་གོ་སྐབས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད་ཅེས་བཤད།
        གསུམ་ནས་འཕེལ་རྒྱས་ཟམ་མི་ཆད་པར་འགྲོ་བའི་ལག་རྩལ་གསར་པ་སྤྱད་པ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་བའི་འཕེལ་ཕྱོགས་ཡིན། ལག་རྩལ་སྤྱད་དེ་བསྟུན་མཁས་རང་བཞིན་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོའི་ཁེ་ལས་ལ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་རྒྱལ་ཁབ་མང་པོ་ཞིག་ཏུ་ལེགས་གྲུབ་ལྡན་པའི་ལག་ལེན་ལྡན་ཡོད།
        ཀྲུང་གོའི་ཇུས་གཞིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་བསྟུན་མཁས་དང་འཕེལ་རྒྱས་ལ་གོ་སྐབས་གསར་པ་བཏོད་ཡོད་ལ་འཛམ་གླིང་དཔལ་འབྱོར་ལ་དྲང་ནུས་ཀྱང་སྦྱིན་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མོ་ཆེ་མོ་ཁུལ་གྱི་དཔལ་འབྱོར་སྒྲིག་གཞི་གཞན་གྱི་ཐུན་མོང་འབད་བརྩོན་འོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་དཔལ་འབྱོར་ལ་སྔར་བས་སྒོ་དབྱེ་དང་། འཕར་ཤུགས་སྔར་བས་ཆེ་བ། འཕེལ་རྒྱས་ཀྱི་ཐོབ་ཆ་སྔར་བས་ཡོངས་ཁྱབ་བཅས་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད།