འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།ཀུན་དགའ་གྲོང་ཚོའི“དྲ་ཐོག་སྦྲག་ལམ” 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་18ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ལོ་40ལ་སླེབས་པའི་དཔའ་བོ་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གསེར་ཆེན་རྫོང་ཐང་སྐར་མ་གྲོང་རྡལ་ཀུན་དགའ་གྲོང་ཚོར་ཙག་ཙིག་ཚོང་ཁང་གཉེར་མཁན་ཡིན་ཡང་གྲོང་ཚོའི་དྲ་ཐོག་ཞབས་འདེགས་ས་ཚིགས་ཀྱི་འགན་འཁུར་བ་ཡང་རེད།
     “བཅུ་གཅིག་ཆའི”ཉིན་དཔའ་བོ་ཚེ་རིང་གིས་གྲོང་མི་སངས་རྒྱས་ཚེ་རིང་གི་མངགས་བཅོལ་ལྟར་དྲ་ཐོག་ནས་སྦ་ལན་ཞིག་ཉོས། སྦ་ལན་དེ་ཕུའུ་ཅན་ནས་ཀུན་དགའ་གྲོང་ཚོའི་དྲ་ཐོག་ཞབས་འདེགས་ས་ཚིགས་སུ་འབྱོར་བར་ཉིན་བཞི་འགོར་ཡོད།
    ས་བབ་སྨི་3000ཡོད་པའི་ཀུན་དགའ་གྲོང་ཚོ་ནི་གསེར་ཆེན་རྫོང་དང་བར་ཐག་སྤྱི་ལེ་50ཆོད་ཡོད། ལམ་ཐག་རིང་བས་ལོ་མང་རིང་ཡུལ་དེའི་མང་ཚོགས་ཀྱིས་རྫོང་གྲོང་དུ་འཚོ་བའི་མཁོ་ཆས་ཉོ་བར་དུས་ཡུན་མང་པོ་འགོར་གྱི་ཡོད། ད་ཆ་དེ་གའི་མང་ཚོགས་ཀྱིས་རང་ཁྱིམ་ནས་དོན་མི་དགོས་པར་དྲ་རྒྱ་བརྒྱུད་ཚོང་ཟོག་སྣ་ཚོགས་ཉོ་ཐུབ་ཀྱི་ཡོད།
    ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི་མཚོ་ལྷོ་ཀྲོའུ་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཁྲེན་ཀྲན་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྦྲག་སྲིད་སྡེ་ཚན་གྱིས་2016ལོའི་ལོ་སྟོད་དུ་གསེར་ཆེན་རྫོང་དུ་རྫོང་རིམ་པའི་དྲ་ཐོག་ཞབས་འདེགས་ལྟེ་གནས་བཙུགས་པ་དང་། གྲོང་གསེབ་ཀྱི་དེང་རབས་འགྲོ་རྒྱུག་དྲ་རྒྱ་སྒྱུར་བཀོད་དང་རིམ་པ་སྤར་བ་བརྒྱུད། ཡུལ་དེའི་ཞིང་འབྲོག་ཁུལ་གྱི་དྲ་ཐོག་ཚོང་ཁང་གི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།
     ཧྥུ་ཡན་པོ་ནི་གསེར་ཆེན་ནས་ཐང་སྐར་མ་གྲོང་ཚོའི་བར་གྱི་སྦྲག་ལམ་གྱི་སྦྲག་སྐྱེལ་བ་ཡིན་པ་དང་། ཁོང་གིས་གཟའ་འཁོར་རེར་ལམ་ཐིག་དེར་ཐེངས་གསུམ་རེ་བསྐྱོད་ནས་འགྲོ་སྐྱོད་བར་ཐག་སྤྱི་ལེ་1000ཙམ་ཟིན་གྱི་ཡོད་པ་དང་ལམ་ཐིག་དེའི་རྒྱུད་ཀྱི་གྲོང་ཚོ་མང་ཆེ་བའི་གྲོང་མིར་སྦྲག་ཐོག་བསྐུར་མ་བསྐྱལ་ཡོད།
     “ལོ་འགའ་ཤས་གོང་། གཟའ་འཁོར་རེར་ངས་སྦྲག་ཐོག་བསྐུར་མ་ཁ་ཤས་མ་གཏོགས་སྐྱེལ་དགོས་ཀྱི་མེད། ད་ཆ་ཀུན་དགའ་གྲོང་ཚོར་གཟའ་འཁོར་རེར་སྦྲག་ཐོག་བསྐུར་མ་50ལྷག་ཙམ་སྐྱེལ་དགོས་ཀྱི་འདུག གྲོང་མི་སྔར་བས་མང་བས་དྲ་ཐོག་ནས་ཅ་དངོས་ཉོ་རྒྱུར་དགའ་པོ་བྱེད་ཀྱི་འདུག”ཅེས་ཧྥུ་ཡན་པོ་ཡིས་བཤད།
    ཚེ་འབྲུག་ནི་ཀུན་དགའ་གྲོང་ཚོར་དྲ་ཐོག་ནས་ཅ་དངོས་ཉོ་རྒྱུར་དགའ་ཤོས་བྱེད་མཁན་གྱི་གྲོང་མིའི་གྲས་ཤིག་རེད། རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཕུད། ཁོང་གིས་རང་ཉིད་ཀྱི་རླངས་འཁོར་ལ་ལྷུ་ལག་སྒྲིག་ཆས་ཉོ་གི་ཡོད། “དེ་སྔོན། ངས་དྲ་ཐོག་ནས་ཅ་དངོས་ཉོས་ཚེ་རྫོང་གྲོང་ལ་མ་གཏོགས་འབྱོར་གྱི་མེད་པས་རྫོང་གྲོང་དུ་མ་བསྐྱོད་ཀ་མེད་རེད་འདུག ད་ཆ་སྦྲག་ཐོག་བསྐུར་མ་རང་ཁྱིམ་གྱི་སྒོ་རྩར་འབྱོར་གྱི་འདུག”ཅེས་ཚེ་འབྲུག་གིས་གསར་འགོད་པར་བཤད།
     ཤེས་རྟོགས་བྱུང་བར་གཞིགས་ན། གསེར་ཆེན་རྫོང་དུ་གྲོང་ཚོ་རིམ་པའི་དྲ་ཐོག་ཞབས་འདེགས་ས་ཚིགས་88བསྐྲུན་ནས་ཁྱབ་ཚད་88%ཟིན་ཡོད། དྲ་ཐོག་སྦྲག་ལམ་གྱི་བཀོད་པ་ལེགས་སུ་བཏང་བ་བརྒྱུད། ཟོག་འགྲུལ་གྱི་དྲ་ཐོག་བསྐུར་མ་ཆུ་ཚོད་48ཀྱི་ནང་ཚུན་དུ་གྲོང་ཚོའི་ཟོག་འགྲུལ་དྲ་བར་འབྱོར་ནས། ཟོག་འགྲུལ་ཕྱོགས་གཉིས་སུ་སྐྱེལ་བའི་ཐབས་ལམ་ཤར་གཏོང་ཐུབ་ཡོད།
     “དྲ་ཐོག་གི་ལས་སྟེགས་བརྒྱུད། ད་ཆ་ངས་རྫོང་གྲོང་དུ་ཅ་དངོས་འཐེན་པར་སྐྱོད་མི་དགོས་པར་དྲ་ཐོག་ནས་ཚོང་ཟོག་མངགས་ཉོ་བྱས་ཏེ་རྒན་ཧྥུ་ལགས་ཀྱིས་ཅ་དངོས་བསྐྱལ་རྒྱུ་བསྒུགས་ནས་བསྡད་ན་འགྲིག་པ་དང་། ཅ་དངོས་མགྱོགས་པོ་བསྐུར་བས་ལམ་གྲོན་ཡང་གྲོན་ཆུང་ཐུབ་སོང”ཞེས་དཔའ་བོ་ཚེ་རིང་གིས་བཤད།
     “དྲ་ཐོག་སྦྲག་ལམ”གྱིས་ཀུན་དགའ་གྲོང་ཚོའི་གྲོང་མིའི་སྲོལ་རྒྱུན་གྱི་འཚོ་བ་སྐྱེལ་སྟངས་རིམ་གྱིས་གྱུར་ནས། སྦྲག་ཐོག་བསྐུར་མ་རེ་རེ་ལས་བདེ་སྐྱིད་ཀྱི་འཚོ་བ་མཚོན་པ་དང་ཡུལ་ལུང་དེར་དགའ་བདེ་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་འོང་།