འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་20ཉིན།

༄༅།།གེགས་བར་རྗེས་སུ་སླར་ཡང་མྱུ་གུ་འབུས། 

—— འབྲི་ཆུའི་འཁྱིལ་མཚོ་ཆགས་སའི་སི་ཁྲོན་གྱི་བཀོད་སྒྲིག་བྱ་ཡུལ་དུ་བསྐྱོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་20ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།གེགས་བར་རྗེས་སུ་སླར་ཡང་མྱུ་གུ་འབུས།
     གསར་འགོད་པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་བོད་རང་སྐྱོང་ཀྲོའུ་དཔལ་ཡུལ་རྫོང་འབྲི་ཆུ་ཤང་གི་བཀོད་སྒྲིག་བྱ་ཡུལ་ནས་འཆི་མེད་དབྱངས་ཅན་ཐོག་མར་ཐུག་སྐབས། ཁོང་ཁྱིམ་མི་དང་མཉམ་དུ་བསྡད་དེ་སོལ་བའི་མེ་སྲོ་བཞིན་འདུག ཉིན་འགའི་གོང་། ཁོང་ལ་འཆི་གསོན་ལ་ཐུག་པའི་ཉེན་ཁ་ཆེན་པོ་ཞིག་ཕྲད་ནས་ཡུལ་གཞན་ལ་སྤོ་དགོས་བྱུང་ནའང་ད་ཆ་ཁོང་གི་སེམས་བག་ཕེབས་སུ་གནས་ཤིང་། ཁོང་གིས“རྗེས་སུ་ཁྱིམ་ལ་ལོག་རྗེས་ནས་དང་ཞོག་ཁོག་ཡང་བསྐྱར་བཏབ་སྟེ། འཚོ་བ་མུ་མཐུད་ཡག་པོ་སྐྱེལ་གྱི་ཡིན”ཞེས་བཤད།
     ཟླ་10ཚེས་11དང་ཟླ་11ཚེས་3ཉིན་ནི་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་གྲོང་ཁྱེར་གྱི་འཇོ་མདའ་རྫོང་དང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་དཔལ་ཡུལ་རྫོང་གི་འབྲེལ་མཚམས་སུ་རི་ཐེངས་གཉིས་ཉིལ་ནས་འབྲི་ཆུའི་ཆུ་འགགས་ཏེ་འཁྱིལ་མཚོ་ཆགས་པ་དང་། འཁྱིལ་མཚོའི་ཆུ་གསོག་ཚད་མང་ཤོས་ལ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་5.78ཟིན་ནས་གཙང་པོ་རྒྱུག་ཁུལ་གྱི་མང་ཚོགས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད།
     འཆི་མེད་དབྱངས་ཅན་སྡོད་སའི་འབྲི་ཆུ་ཤང་གི་བར་དཀྱིལ་གྲོང་ཚོ་ནི་འཁྱིལ་མཚོའི་གནོད་འཚེ་ཚབས་ཆེན་ཐེངས་གཉིས་ཕོག་པའི་གྲོང་ཚོའི་གྲས་ཤིག་རེད། གཙང་པོའི་ཆུ་རྒྱས་ནས་གྲོང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་གལ་ཆེན་ཏེ། མུའུ་200ཟིན་པའི་ས་མཐོའི་ཞོག་ཁོག་སྨུག་པོ་འདེབས་འཛུགས་རྟེན་གཞི་ཆུས་བསྣུབས་པ་མ་ཟད། ཡུལ་མིའི་སྡོད་ཁང་ཆུས་འཚོས་ནས་རྒྱུ་ནོར་གྱི་གྱོང་གུན་ཡང་ཚབས་ཆེན་བཟོས་ཡོད། བར་དཀྱིལ་གྲོང་ཚོའི་དུད་ཚང་37གྱི་མི་གྲངས་177ལས་ཉུང་ཤས་ཤིག་གཉེན་ཉེ་དང་གྲོགས་པོའི་སར་སོང་བ་ཕུད། ཕལ་མོ་ཆེ་བཀོད་སྒྲིག་བྱ་ཡུལ་འདིར་གནས་སྡོད་བྱས་ཡོད།
     གསར་འགོད་པས་བར་དཀྱིལ་གྲོང་ཚོར་ལྟ་བར་འགྲོ་མཁན་ཡིན་ཚུལ་བརྗོད་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་ཡུལ་མི་མང་པོ་ཞིག་གིས་མཉམ་དུ་འགྲོ་རྒྱུའི་རེ་བ་བཏོན། གང་ལགས་ཤེ་ན། བར་དཀྱིལ་གྲོང་ཚོས་ཉེན་ཡོད་ཁང་པར་ཞིབ་བཤེར་དང་འཕྲོད་བསྟེན་རིམས་འགོག་ལས་དོན་སྒྲུབ་བཞིན་ཡོད་སྟབས་ཡུལ་མི་ཚོས་ད་ཆ་རང་ཉིད་ཀྱི་ཁང་པ་གང་འདྲ་བྱས་ཡོད་པར་ལྟ་འདོད་པས་རེད།
     བར་དཀྱིལ་གྲོང་ཚོར་ཐོག་མར་སླེབས་སྐབས་མིག་ལམ་དུ་ཤིན་ཏུ་མཛེས་པའི་བོད་བཟོའི་ཉམས་ལྡན་པའི་གྲོང་སྡེ་ཞིག་མངོན། ཡིན་ན་ཡང་གྱང་དཀར་པོའི་ངོས་ལ་ཆུ་རྒྱུག་པའི་ཤུལ་དང་གང་སར་བྱེ་མ་བླུགས་པའི་འབྲུབ་འགོག་རྩྭ་རས་མཐོང་རྒྱུ་ཡོད་པ་དེས་ད་རེས་ཀྱི་འཁྱིལ་མཚོའི་ཉེན་ཁས་དེ་གར་གཏོར་སྐྱོན་ཇི་ཙམ་བཟོས་པ་གསར་འགོད་པར་དྲན་སྐུལ་བྱེད་པ་ལྟར་དུ་སྣང་།
     ཡུལ་མི་དོན་གྲུབ་བཀྲ་ཤིས་ཀྱིས་གསར་འགོད་པ་འདི་ལོར་གསར་དུ་བརྒྱབ་མ་ཐག་པའི་ཁང་པ་གསར་པར་ལྟ་བར་ཁྲིད་བྱུང་། ཁོང་གི་ཁྱིམ་བོད་རིགས་ཀྱི་བརྐོས་རིས་བཞིན་ཤིན་ཏུ་མཛེས། དོན་གྲུབ་བཀྲ་ཤིས་ཀྱིས་གེགས་བར་གྱི་གནོད་འཚེ་བྱུང་རྗེས་ཤང་གི་ལས་བྱེད་པས་རང་ཉིད་མགྱོགས་མྱུར་གཞན་དུ་སྤོ་དགོས་ཞེས་རྗོད་པར་ཡོང་སྐབས། རང་ཉིད་ཀྱི་ཁྱིམ་གྱི་ཅ་ལག་འདོར་མི་ཕོད་པར་བསམས་ནས་ཐོ་ཕྲུག་བཏང་སྟེ་ཁྱིམ་གྱི་ཅ་དངོས་རྩ་ཆེ་བ་ཚང་མ་དབོར་རོགས་བྱས་བྱུང་ཞེས་གསར་འགོད་པར་བཤད།
     “ཡུལ་མི་མང་པོ་ཞིག་གིས་རང་ཁྱིམ་གྱི་ཅ་དངོས་ལ་སེམས་ཁྲལ་བྱེད་པ་དང་དེ་ནས་ཁ་བྲལ་རྗེས་ཡང་རང་ཁྱིམ་ལ་ལོག་འདོད་བྱེད་ཀྱི་འདུག”ཅེས་འབྲི་ཆུ་ཤང་གི་ཤང་ཀྲང་ཝང་ཧྲེང་གིས་བཤད། དེར་བརྟེན། ཁོང་གིས་ཤང་8ཀྱི་ལས་བྱེད་པ་ཁྲིད་དེ་གྲོང་ཚོར་སྐྱོད་སའི་ལམ་དཀྱིལ་ལ་གུར་བརྒྱབ་ནས“ང་ཚོ་ས་གཞན་དུ་འགྲོ་རྒྱུ་མིན་ལ་གཉིད་ཀྱང་མ་ཁུག་པར་ཁྱེད་ཚོའི་ཅ་དངོས་བསྲུངས་ནས་སྡོད་ཀྱི་ཡིན”ཞེས་ཡུལ་མི་ཚོར་བཤད། ཉིན་ཤས་བསྟུད་མར་ལས་རེས་བྱས་ཏེ་ཤང་གི་ཐོ་ཕྲུག་མ་སླེབས་བར་བསྡད་ནས་ཡུལ་མི་ཚོའི་ཅ་དངོས་རྩ་ཆེ་བས་གཞན་ལ་དབོར་བའི་རྗེས་ཁོང་ཚོ་གཞི་ནས་ཁ་བྲལ་བ་རེད།
     གསར་འགོད་པ་བཀོད་སྒྲིག་བྱ་ཡུལ་དུ་སླེབས་སྐབས། ཉིན་དགུང་གི་ཟ་མ་ཟ་བའི་དུས་ལ་ཉེ་བ་དང་། བཀོད་སྒྲིག་བྱ་ཡུལ་གྱི་ཡུལ་མི་ཚོ་སླར་ཡང་ལས་ལ་བྲེལ་ཞིང་། ཡུལ་མི་ལ་ལས་གུར་ནས་ཁ་ལག་བཟོ་བའི་རྒྱུ་ཆ་མང་པོ་དབོར་ཡོང་བ་དང་། ལ་ལས་ཞོག་ཁོག་གི་པགས་པ་བཤུ་བཞིན་འདུག ཡུལ་མི་ཞིག་གིས་ཚལ་སླང་ནང་གི་ཤ་ཁུ་དཀྲུག་དཀྲུག་གཏོང་བཞིན་དུ་ཚལ་སླང་འདི་ང་ཚོས་ཆུའི་ནང་ནས་བསྒྲུགས་པ་ཞིག་ཡིན་ཞེས་གསར་འགོད་པར་གད་མོ་དགོད་བཞིན་དུ་བཤད་བྱུང་།
     ཟ་མ་བཟོས་ཟིན་རྗེས། ཡུལ་མི་ཚོས་མི་རིང་བའི་གློག་ཤུགས་ཞབས་འདེགས་ས་ཚིགས་སུ་ལས་ཀ་བྱེད་བཞིན་པའི་གློག་ཤུགས་བཟོ་པ་ཚོ་ཟ་མ་ཟ་བར་སྐད་བཏང་། གསར་འགོད་པས་བཀོད་སྒྲིག་བྱ་ཡུལ་གྱི་གློག་གི་གནས་ཚུལ་སྐོར་འདྲི་སྐབས། རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་དཔལ་ཡུལ་རྫོང་གློག་གཏོང་ཡན་ལག་ཀུང་སིའི་བསོད་ནམས་དཔལ་ལྡན་གྱིས་ཁ་སང་ཕྱི་དྲོར་ང་ཚོས་བཀོད་སྒྲིག་བྱ་ཡུལ་དུ་གློག་ཁྲིད་མ་ཐག་ཡིན། “དེ་གོང་དུ་དབོར་ཡོང་བའི་ཁྲའེ་ཡིའུ་སྣུམ་གྱི་གློག་གཏོང་འཕྲུལ་འཁོར་གྱིས་གློག་གཏོང་གི་ཡོད། བཀོད་སྒྲིག་བྱ་ཡུལ་ལ་རྒྱུན་གཏན་གྱི་གློག་ཡོད་པ་དང་གློག་སྤྱོད་ཀྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ངས་དགོང་མོ་མང་པོར་གཉིད་ཆུ་ཚོད་གཉིས་ཙམ་ལས་ཉལ་གྱི་མེད”ཅེས་གསར་འགོད་པར་བཤད་བྱུང་། གློག་སླར་གསོ་བྱུང་རྗེས། ཡུལ་མི་ཚོར་གློག་སྤྱོད་ཀྱི་འགན་ལེན་ཡག་པོ་བྱུང་ལ། བསོད་ནམས་དཔལ་ལྡན་ཡང་ངལ་གསོ་ཡག་པོ་ཞིག་རྒྱག་ཐུབ་སྲིད།
     བོད་རིགས་ས་ཁུལ་གྱི་ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་གེགས་བར་བྱུང་བའི་ཡུལ་མི་ཚོ་དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་སྐྱེལ་ཆེད། ས་གནས་སྲིད་གཞུང་གིས་སྲིང་བལ་བར་ཚངས་ཀྱི་ཉལ་ཆས་དང་། སྲིང་བལ་བར་ཚངས་ཀྱི་གོས་ཐུང་། མལ་གདན་བཅས་སྤྲད་ཡོད།
     གསར་འགོད་པ་སྦྲ་གུར་ནས་ཕྱིར་དོན་སྐབས་བུ་ཡུག་ཁྲོད་མེ་བཏང་བའི་དུ་བ་ད་དུང་མི་ཡལ་བར་འཕྱུར་བཞིན་མཆིས།