འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།ཁྲོན་བོད་ལྕགས་ལམ་གྱི་ཤར་སྣེར་འགུལ་སྐྱོད་ཞིབ་བཤེར་ཚོད་ལྟ་བྱེད་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲོན་བོད་ལྕགས་ལམ་གྱི་ཤར་སྣེར་འགུལ་སྐྱོད་ཞིབ་བཤེར་ཚོད་ལྟ་བྱེད་འགོ་ཚུགས་པ།
     མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་13ཉིན། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་ཅུས་བརྒྱད་པའི་འཛུགས་སྐྲུན་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ཁྲོན་བོད་ལྕགས་ལམ་གྱི་ཁྲའོ་དབྱང་མཚོ་ནས་གཡག་རྔའི་བར་གྱི་ལམ་(བསྡུས་མིང་ལ་ཁྲའོ་གཡག་ལྕགས་ལམ་ཟེར)གྱི་མེ་འཁོར་འགུལ་སྐྱོད་ཞིབ་བཤེར་ཚོད་ལྟ་བྱེད་འགོ་ཚུགས་པ་དང་། ལམ་དུམ་འདི་ནི་ཁྲོན་བོད་ལྕགས་ལམ་གྱི་ཤར་སྣེ་ཡིན།
     ལམ་དུམ་འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་41.2ཡོད་ཅིང་། ཁྲའོ་དབྱང་མཚོ་དང་གཡག་རྔའི་ས་ཚིགས་བར་སྦྲེལ་ཡོད། ཇུས་འགོད་ཀྱི་འགྲོས་ཚད་ནི་ཆུ་ཚོད་རེ་ལ་སྤྱི་ལེ་160རེད། མཚམས་སྦྱོར་བྱས་པར་གཞིགས་ན། འགུལ་སྐྱོད་ཞིབ་བཤེར་ནི་འགྲོས་ཚད་མི་འདྲ་བའི་ནང་ཞིབ་བཤེར་མེ་འཁོར་བཏང་ནས། གསར་དུ་བཏིང་བའི་ལྕགས་ལམ་གྱི་འཁོར་ལམ་དང་། དྲ་བ་སྦྲེལ་ཚུལ། བརྡ་རྟགས་མ་ལག་བཅས་ཤར་གཏོང་ཐུབ་མིན་ལ་ཞིབ་བཤེར་བྱེད་པ་རེད། འདི་ནི་མེ་འཁོར་དངོས་སུ་མ་བཏང་གོང་ཆེས་མཐའ་མཇུག་གི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་བཤེར་གལ་ཆེན་ཞིག་རེད།
     གཞན་ཡང་། ཁྲེང་གཡག་ལྕགས་ལམ་གྱི་ཁྲེང་ཏུའུ་ནུབ་ཕྱོགས་ས་ཚིགས་ནས་ཁྲའོ་དབྱང་མཚོའི་ས་ཚིགས་བར(བསྡུས་མིང་ལ་ཁྲེང་ཁྲའོ་ལྕགས་ལམ་ཟེར)ཚེས་12ཉིན་འགུལ་སྐྱོད་ཚོད་ལྟའི་དུས་རིམ་དུ་སླེབས་པ་རེད། ཁྲེང་ཁྲའོ་ལམ་དུམ་སྤྱིའི་རིང་ཚད་ལ་སྤྱི་ལེ་98ཙམ་ཡོད་པ་དང་། ཇུས་འགོད་ཀྱི་འགྲོས་ཚོད་ནི་ཆུ་ཚོད་རེ་ལ་སྤྱི་ལེ་200རེད། མཚམས་སྦྱོར་བྱས་པར་གཞིགས་ན། ཁྲེང་གཡག་ལྕགས་ལམ་གྱི་ཁྲེང་ཁྲའོ་ལམ་དུམ་དང་ཁྲའོ་གཡག་ལམ་དུམ་ནི་དུས་མཉམ་དུ་ཤར་གཏོང་ཐུབ་པའི་རེ་བ་ཡོད།