འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།ཨུ་རུ་སུའི་ཅ་ལི་ཉིང་ཀེ་ལེ་ཀྲོའུ་ཡི“སྤོས་ཤེལ་ཡུལ་སྐོར” 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཨན་ཞའོ་མོང་གིས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་19ཉིན། 12:25】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཅ་ལི་ཉིང་ཀེ་ལེ་ཀྲོའུ་ནི་པོ་ལུའུ་མཚོའི་འདབས་རོལ་ཏུ་གནས་ཡོད་ལ་དེ་གར་སྤོས་ཤེལ་མང་པོ་ཐོན་གྱི་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་སྤོས་ཤེལ་གྱི་གཏེར་ཁ་བཅུ་ཆ་དགུ་དེ་གར་འདུས་ཡོད་པ་རེད། རྒྱལ་སྤྱིའི་ཁྲོམ་རར་སྤོས་ཤེལ་ཆེས་ཆེར་བྲིན་པ་དང་སྦྲགས་ཅ་ལི་ཉིང་ཀེ་ལེ་ཀྲོའུ་ཡིས་གོ་སྐབས་དམ་འཛིན་བྱས་ནས་སྤོས་ཤེལ་གཙོ་བོར་བྱས་པའི་ཡུལ་སྐོར་ལས་རིགས་གོང་འཕེལ་བཏང་བ་རེད།
        ཨུ་རུ་སུར་སྤོས་ཤེལ་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་སྔོན་ཆད་བསྔོགས་པའི་རྒྱུ་ཆ་ཕལ་ཆེ་བ་ཕྱིར་གཏོང་བྱེད་ཀྱི་ཡོད་ཅིང་། ཉེ་འཁོར་གྱི་རྒྱལ་ཁབ་ཕོ་ལན་དང་ལི་ཐུ་ཝན་ལ་བཙོང་བའི་སྤོས་ཤེལ་གྱི་བཟོས་རྫས་དག་ཀྱང་དོན་ངོ་མར་ཨུ་རུ་སུ་ནས་ཐོན་པ་ཡིན། རྒྱུ་ཆ་དེ་དག་ནི་ཅ་ལི་ཉིང་ཀེ་ལེ་སྤོས་ཤེལ་མཉམ་འབྲེལ་ཀུང་སིས་སྔོག་འདོན་བྱས་པ་ཡིན་ལ་ད་ཕན་ཀུང་སི་དེ་ནི་ཨུ་རུ་སུའི་བཟོ་ལས་ཅན་གྱི་སྤོས་ཤེལ་སྔོག་འདོན་གྱི་ཁེ་ལས་འབའ་ཞིག་དེ་རེད།
        ཅ་ལི་ཉིང་ཀེ་ལེ་སྤོས་ཤེལ་མཉམ་འབྲེལ་ཀུང་སི་ནི་ཅ་ལི་ཉིང་ཀེ་ལེ་གྲོང་ཁྱེར་གྱི་སྤྱི་ལེ་40ལྷག་གི་དབྱང་ཐར་ནེ་གྲོང་རྡལ་དུ་ཡོད། དབྱང་ཐར་ནེ་ཞེས་པ་ནི་ཨུ་རུ་སུའི་སྐད་དུ“སྤོས་ཤེལ”གྱི་དོན་ཡིན་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་30ཡང་མི་ཟིན་པའི་གྲོང་རྡལ་ཆུང་ངུ་དེར་གོ་ལ་ཧྲིལ་པོའི་སྤོས་ཤེལ་90%ཡོད་པ་དང་གསོག་ཚོད་སྔོན་དཔག་ལྟར་ན་ཏུན་ཁྲི་11.6ཟིན་གྱི་ཡོད། ཨུ་རུ་སུའི་ཧྲེང་པི་ཏེ་པའོ་ཡི་ཡེ་གཱ་ཁ་ཅེ་ལིན་ན་ཕོ་བྲང་ནང་གི་སྐད་གྲགས་ཆེ་བའི“སྤོས་ཤེལ་གྱི་ཁང་པ”ཡི་རྒྱུ་ཆ་ཡང་ཅ་ལི་ཉིང་ཀེ་ལ་ནས་ཐོན་པ་ཡིན།
         སྤྱིར་ན་རང་བྱུང་ཐོན་ཁུངས་འབེལ་ཡང་ཨུ་རུ་སུ་རང་གི་སྔོག་འདོན་དང་ལས་སྣོན་ལས་རིགས་ལོ་མང་རིང་ཡར་རྒྱས་བྱུང་མེད་པ་རེད། དེའི་ཕྱིར། སྲིད་གཞུང་གིས་ན་ནིང་སྤོས་ཤེལ་ཐོན་ལས་གོང་སྤེལ་གྱི་2025ལོའི་གོང་གི་འཕེལ་རྒྱས་འཐབ་ཇུས་ཤིག་ཁྱབ་བསྒྲགས་བྱས་པ་དང་། ཅ་ལི་ཉིང་ཀེ་ལེ་ཀྲོའུ་ཉིད་སྤོས་ཤེལ་སྔོག་འདོན་དང་ལས་སྣོན་གྱི“འཛམ་གླིང་གི་གྲོང་ཁྱེར”དུ་བསྐྲུན་རྒྱུའི་ཐག་བཅད་པའི་ནང་ནས་སྤོས་ཤེལ་གྱི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་རྒྱུ་ནི་ལས་འགན་གཙོ་བོའི་གྲས་སུ་བཀོད་ཡོད་པ་རེད།
        འཐབ་ཇུས་ཀྱི་ཁྲིད་སྟོན་འོག་2017ལོར་ཅ་ལི་ཉིང་ཀེ་ལེ་སྤོས་ཤེལ་མཉམ་འབྲེལ་ཀུང་སི་བཙུགས་ནས་ལོ་70འཁོར་མཚམས་སུ་ཁེ་ལས་དེས་དབྱང་ཐར་ནེ་གྲོང་རྡལ་དུ་བསྐྲུན་པའི་ཡུལ་སྐོར་བྱ་ཡུལ་གཉིས་ཀྱི་སྒྲིག་ཆས་སྒོ་མོ་ཕྱེ་ཞིང་། གཅིག་ནི་བྱེད་ནུས་མང་བའི་ལྗོངས་གཟིགས་སྒང་ཡིན་ལ་སྤོས་ཤེལ་སྔོག་འདོན་ར་བར་ཐུར་ལྟ་བྱེད་ཐུབ་ཁར་ཁོག་ཧྥེ་ཁང་དང་ཚོང་ཁང་ཡང་བཙུགས་ཡོད། ཅིག་ཤོས་ནི་འགྲེམས་སྟོན་ཁང་ཞིག་ཡིན་ལ་སྤོས་ཤེལ་གྱི་འབྱུང་ཁུངས་དང་འཕེལ་རྒྱས་དང་དེ་བཞིན་ལྟ་ན་སྡུག་པའི་སྤོས་ཤེལ་སྒྱུ་རྩལ་གྱི་ཐོན་རྫས་བཤམས་ཡོད། ཀུང་སིས་ཡུལ་སྐོར་སྒྲིག་ཆས་གཉིས་སུ་ད་ལོ་ཡུལ་སྐོར་བ་མི་ཐེངས་ཁྲི་10ཡོང་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།
         ཨུ་རུ་སུས་ད་ལོ་དབྱར་ཁར་གཙོ་གཉེར་བྱས་པའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཚོགས་ཆུང་འགྲན་བསྡུར་གྱི་དུས་མཚམས་སུ་འགྲན་བསྡུར་ཁག་4ཅ་ལི་ཉིང་ཀེ་ལེ་གྲོང་ཁྱེར་དུ་འཚོགས་ཤིང་། གོ་སྐབས་དེར་བརྟེན་ནས་ཅ་ལི་ཉིང་ཀེ་ལེ་ཀྲོའུ་ཡིས་འགྲན་བསྡུར་རིང་འཛམ་གླིང་གི་སྤོས་ཤེལ་གཟའ་འཁོར་གཉེར་བ་རེད།