འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།མཚོ་སྔོན་གྱི་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ཟིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལོ་ལྔ་འཛུགས་སྐྲུན་བྱས་པ་བརྒྱུད་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་3ཟིན་པའི་མཚོ་སྔོན་གྱི་བོད་ཀྱི་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གི་དུས་ཐེངས་གཉིས་པའི་ཁང་པ་ཉེ་ཆར་བསྐྲུན་ཟིན་ནས་སྒོ་བྱང་གི་ཡོལ་བ་ཕྱེ་ཞིང་། དེ་ཐོག་ནས་ཀྲུང་གོའི་གཞི་ཁྱོན་ཆེ་ཤོས་ཀྱི་བོད་ལུགས་གསོ་རིག་བརྗོད་དོན་གཙོ་བོར་བྱས་པའི་རྟེན་རྫས་བཤམས་མཛོད་ཁང་དེ་ཉིད་ཕྱོགས་གང་ས་ཅི་ཐད་ནས་བོད་ལུགས་གསོ་རིག་གི་རིག་གནས་དང་བོད་ཀྱི་རིག་གནས་མངོན་པའི་ཕྱོགས་བསྡུས་རྣམ་པའི་རྟེན་རྫས་བཤམས་མཛོད་ཁང་ཞིག་ཏུ་རྒྱས་སྐྲུན་བྱས་པ་མཚོན་ཡོད།
     ཁང་པ་གསར་པ་དེ་ཉིད་རྟེན་རྫས་བཤམས་མཛོད་ཁང་གི་དུས་ཐེངས་དང་པོའི་བོད་ལུགས་གསོ་རིག་གི་རིག་གནས་བརྗོད་དོན་གཙོ་བོར་བྱས་པའི་ཁང་པའི་རྨང་གཞིའི་ཐོག ཕྱོགས་གང་ས་ཅི་ཐད་དང་རིམ་པ་མང་པོས་ལོ་རྒྱུས་ཡུན་རིང་ལྡན་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ལུགས་གསོ་རིག་གི་རིག་གནས་དང་བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་ངོམ་སྟོན་བྱས་ཡོད། ཁང་པ་གསར་པའི་ནང་དར་གོས་ལམ་བུ་དང་མཚོ་བོད་ས་མཐོའི་ཤེས་དཔལ་ལོ་རྒྱུས་དང་། ཀྲུང་གོའི་བོད་རིགས་ཀྱི་སྒྱུ་རྩལ་ཚོན་རིས། བོད་རིགས་ཀྱི་ཨར་སྐྲུན་སྒྱུ་རྩལ། ཡིག་གཟུགས་སྒྱུ་རྩལ། ཁ་གདན། རྒྱན་གོས་སོགས་ཀྱི་འགྲེམས་ཁང་བཟོས་ཡོད། དེའི་ནང་དར་གོས་ལམ་བུ་དང་མཚོ་བོད་ས་མཐོའི་ཤེས་དཔལ་ལོ་རྒྱུས་འགྲེམས་ཁང་དུ་ལོ་རྒྱུས་ཀྱིས་དུས་ཚོད་ཚད་གཞིར་བཟུང་བ་དང་། ཡངས་ཤིང་རྒྱ་ཆེ་བའི་བོད་རིགས་ས་ཁུལ་གྱི་ཡུལ་ལྗོངས་ས་ཁམས་ཚད་གཞིར་བཟུང་ནས་རིག་གནས་དང་། ཆོས་ལུགས། དགོན་སྡེ། ཨར་ལས། དཔལ་འབྱོར། སྒྱུ་རྩལ། ཡིག་གཟུགས། ཤུལ་རྙིང་སོགས་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་འབུར་དུ་ཐོན་པར་བྱས་ཐོག་ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མཚོ་བོད་ས་མཐོའི་ཤེས་དཔལ་གྱི་འབྱུང་བ་དང་། རྒྱུན་འཛིན། དར་འཕེལ། དར་རྒྱས་བཅས་འགྲེམས་སྟོན་དང་། རིག་གནས་ཀྱི་གཞི་རྒྱུ་མི་འདྲ་བ་མཉམ་འདྲེས་དང་ཞི་བདེ་འཕེལ་རྒྱས་བྱུང་ཚུལ་འགྲེམས་སྟོན། སྔ་བར་ཕྱི་གསུམ་དུ་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོ་འགྲེམས་སྟོན་བཅས་བྱས་ཡོད།