འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།དཀའ་སྤྱད་དང་མཐའ་འཁྱོངས་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་པ། 

— སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་དཀོར་ལྷ་སྒྲོལ་མའི་ལས་གཏོད་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཁྱིམ་ཚང་གི་འཚོ་བར་དཀའ་ངལ་འཕྲད་པའི་རྐྱེན་གྱིས་2005ལོར་སློབ་གྲྭ་ནས་དོན་དེ་ཁྱིམ་ཚང་གི་ཁུར་བུ་ལྕི་པོ་ཕྲག་ཏུ་འཁུར།
     2010ལོར་བདེ་སྡོད་ལས་གྲྭའི་གོ་སྐབས་དམ་འཛིན་བྱས་ཏེ་བོད་ཁྱིམ་སྤྲོ་སྐྱིད་ཁང་བཙུགས།
     2012ལོར་འབད་བརྩོན་ལྷོད་མེད་བྱས་ཏེ་བོད་ཁྱིམ་སྤྲོ་སྐྱིད་ཁང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཟ་ཁང་ཆེན་པོ་ཞིག་ཏུ་གཉེར།
     2017ལོར་རང་ཉིད་ཀྱི་ཕུགས་བསམ་འགྲུབ་ཆེད་ཁོང་གིས་སྒོར་ཁྲི་300གཡར་ནས་ཟ་ཁང་རྒྱ་ཆེར་བཏང་།
     ཁོང་ནི་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི“བུད་མེད་ཕྱུག་འགྱུར་སྣེ་ཁྲིད་པ” “དཀོར་ལྷ་ཚང”བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྦྱིན་བདག་དཀོར་ལྷ་སྒྲོལ་མ་རེད།
    སློབ་གྲྭ་ནས་དོན་རྗེས་སྣོན་ཐུག་ཟ་ཁང་བཙུགས་ནས་ཁྱིམ་ཚང་བསྐྱངས་བ།
    “དཀོར་ལྷ་ཚང་བོད་ཁྱིམ་སྤྲོ་སྐྱིད་ཁང”ནི་དཀོར་ལྷ་སྒྲོལ་མའི་ཟ་ཁང་རེད་ལ་ཁོ་མོའི་ཁྱིམ་ཚང་ཡང་རེད། “སློབ་གྲྭ་ནས་དོན་རྗེས་སྣོན་ཐུག་བཙོངས་ནས་ཁྱིམ་ཚང་སྐྱོང་འགོ་བཙུགས་པ་ཡིན”དཀོར་ལྷ་སྒྲོལ་མས་བརྗོད་པའི་སྣོན་ཐུག་ནི་ཡུལ་དེའི་རོ་བཅུད་ལྡན་པའི་ཟས་རིགས་ཤིག་རེད། ཆུང་དུས་སློབ་སྦྱོང་ཧུར་ཐག་བྱས་ནས་རི་གྲོང་ནས་ཐོན་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་རྒྱུའི་འདུན་པ་ད་ཆ་བློ་ལ་འཆར་སྐབས་བརྗོད་མི་ཤེས་པའི་སྐྱོ་སྣང་ཞིག་སྐྱེས།
      སློབ་གྲྭར་མུ་མཐུད་བསྐྱོད་རྒྱུའི་ཁོང་གི་ཕུགས་འདུན་སད་ཀྱིས་བཅོམ་ཞིང་། དམའ་རིམ་ལོ་རིམ་གཉིས་པ་འགྲིམ་པའི་ལོ་དེར་ཕ་བཀྲ་ཤིས་ལ་ནད་ལྕི་པོ་ཞིག་ཕོག་ནས་ཤང་དང་རྫོང་གི་སྨན་ཁང་གང་དུ་བསྟེན་ཡང་ནད་གཞི་གང་ཕོག་པ་རྩད་མི་ཆོད་ལ། གཟུགས་པོ་ཡང་ཉིན་རེ་ལས་མ་འདས་པར་རིད་དུ་སོང་བ་དང་ཨ་མ་དབང་སྒྲོན་ལའང་རྒྱུ་ལྷག་གཉན་ཚད་ཕོག་སྟེ་ལོ་ན་ཕྲ་བའི་བུ་མོ་རེ་ཞིག་ཅི་བྱ་གཏོལ་མེད་དུ་གྱུར། དེའི་ཐོག་ད་དུང་སློབ་ཆེན་དང་མཐོ་རིམ་སློབ་འབྲིང་དུ་སྐྱོད་མཁན་གཅེན་མོ་གཉིས་ཡོད་པས་མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་བྱུང་། འུ་ཐུག་གི་གནས་སུ་གྱར་བའི་དུས་དེར་ཕ་མ་གཉིས་པོས་སེམས་ཀྱིས་མ་བཟོད་ཀྱང་སྒྲོལ་མར“ཁྱེད་རང་སློབ་གྲྭ་ནས་དོན་ཏེ་ཕ་མ་གཉིས་ལ་རོགས་པ་བྱེད་དང”ཞེས་བཤད། ཕ་མའི་སྐད་ཆ་ཐོས་སྐབས་རང་ཉིད་ཀྱི་སེམས་ལ་ཐོག་བརྒྱབ་པ་ལྟར་བྱུང་ཡང་། ཁྱིམ་ཚང་གི་གནས་ཚུལ་མཐོང་སྐབས་སློབ་གྲྭ་ནས་མ་དོན་ཀ་མེད་བྱུང་།
     དེ་ནས་བཟུང་ཞིང་ལས་བྱེད་པ་དང་། ཚྭ་སྐམ་པ། ཟ་ཁང་གི་ཕོར་པ་འཁྲུ་བ། མེ་ཤིང་སྒྲུག་པ། ཕྱུགས་འཚོ་བ་བཅས་ཀྱི་ཁྱིམ་ཚང་གི་ལས་ཀ་ཙག་ཙིག་ཚང་མ་ཁོང་གཅིག་བུའི་ལུས་ཐོག་ཏུ་བབས།
     སྐབས་དེ་དུས་འཇང་མི་རིགས་ཤང་དུ་སྣོན་ཐུག་ཟ་ཁང་འཛུགས་མཁན་མང་པོ་ཡོད། འོན་ཀྱང་ཟ་ཁང་ཕལ་ཆེ་བ་ཐུག་པ་འཐུང་མཁན་མེད་ན་སྒོ་བརྒྱབ་ནས་སྦྱིན་བདག་ཞིང་ནང་དུ་ལས་ཀར་སྐྱོད་ཀྱི་ཡོད། དེ་ལྟར་སྒྲོལ་མས་སྣོན་ཐུག་ཟ་ཁང་ཞིག་འཛུགས་ཐུབ་ན་སྙམ། དཀོར་ལྷ་སྒྲོལ་མས་ཕ་མ་གཉིས་ལ་རང་ཉིད་ཀྱི་བསམ་འདུན་བཤད་པ་དང་གྲོ་ཞིབ་བརྫིས་སྟངས་དང་། ཐུག་པ་བཟོ་སྟངས། རུས་ཐང་བཀོལ་སྟངས་བཅས་སྦྱངས། དེ་ལྟར་ཡང་ནས་ཡང་དུ་སྦྱངས་རྗེས་མཐར་སྣོན་ཐུག་བཟོ་སྟངས་གཞི་ནས་ཤེས།
     ཟ་ཁང་གཞན་དང་མི་འདྲ་བར་ཁོང་གི་ཟ་ཁང་གཙང་མ་ཡོད་པ་དང་ཐུག་པ་འཐུང་མཁན་ཚང་མར་ཁྱིམ་ཚང་ནང་སླེབས་པ་ལྟར་གྱི་སྣང་བ་ཞིག་ཡོང་གི་ཡོད། ཁོང་གིས་ཀྱང་ལས་ཀ་གང་ཞིག་བྱས་ཀྱང་གལ་ཆེ་ཤོས་ནི་དཀའ་སྤྱད་དང་མཐའ་འཁྱོངས་བྱ་རྒྱུ་དེ་རེད་ཅེས་ཤོད་ཀྱི་ཡོད།
     “མཐའ་འཁྱོངས་ནི་རྒྱལ་ཁའི་རྩ་བ་རེད”དེ་ལྟར་ཁོང་གི་ཟ་ཁང་གི་མིང་གྲགས་ཆེ་རུ་ཕྱིན་ཏེ་ཡོང་འབབ་ཀྱང་དེ་སྔའི་སྒོར་ཁྲི་གཅིག་ནས་ད་ཆའི་སྒོར་ཁྲི་ལྔ་དྲུག་ཙམ་བར་འཕར་ཡོད། ཕ་མ་གཉིས་ནད་བཅོས་དྲག་སྐྱེད་ཐུབ་པ་མ་ཟད། གཅེན་མོ་གཉིས་ཀྱི་སློབ་ཡོན་ཡང་སྤྲོད་ཐུབ་པ་བྱུང་ཡོད།
      མཐའ་འཁྱོངས་བརྟེན་ནས་སྣོན་ཐུག་སྤུས་རྟགས་ཤིག་ཏུ་གཉེར་བ།
     2009ལོར་ཚྭ་ཁ་ལྷོའི་སྣོན་ཐུག་ལ་རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་བདེན་དཔང་ལག་ཁྱེར་རག་ཅིང་། དེ་ནས་བཟུང་ཚྭ་ཁ་ལྷོའི་མང་ཚོགས་ལ་དེའི་ཁྲོད་ནས་ཕན་པ་ཐོབ་པ་མ་ཟད། དཀོར་ལྷ་སྒྲོལ་མར་ཡང་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད།
     2010ལོར་བོད་སྐྱོར་ལས་བྱེད་པའི་རོགས་རམ་འོག་ཁོང་ལ་བདེ་སྡོད་ལས་གྲྭའི་ཁ་གསབ་དངུལ་སྒོར་ཁྲི་2.5རག་པའི་ཁར་རང་ཉིད་ཀྱི་བཅོལ་དངུལ་བཏང་ནས་སྒོ་ར་དང་མེ་ཏོག་ལྡུམ་ར་ཡོད་པའི་སྨི་ངོས་གྲུ་300ཙམ་གྱི་ཐོག་བརྩེགས་ཁང་པ་ཞིག་བརྒྱབ་ནས“དཀོར་ལྷ་ཚང”བོད་ཁྱིམ་སྤྲོ་སྐྱིད་ཁང་བཙུགས། ཕྱིས་སུ་སྨར་ཁམས་རྫོང་སྲིད་གཞུང་གིས་འཇང་མི་རིགས་ཤང་གི་བོད་ཁྱིམ་སྤྲོ་སྐྱིད་ཁང་གི་སྦྱིན་བདག་སྒྲིག་འཛུགས་བྱས་ཏེ་ཡུན་ནན་ས་དམ་དང་། ཏ་ལི། སེམས་ཀྱི་ཉི་ཟླ་སོགས་སུ་རྟོག་ཞིབ་བྱེད་པར་འཁྲིད་པ་དང་ཆེད་ལས་གསོ་སྦྱོང་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་དོ་དམ་དང་ཉམས་མྱོང་སྦྱོངས་སུ་བཅུག དེ་ལྟར་དཀོར་ལྷ་སྒྲོལ་མའི་མིག་རྒྱང་རིང་དུ་ཕྱིན་ནས་རང་ཉིད་ཀྱི་སྣོན་ཐུག་ཟ་ཁང་དེ་བས་ལེགས་པ་ཞིག་གཉེར་རྒྱུའི་བློ་ཐག་བཅད། དེའི་རྗེས་སུ་བོད་སྐྱོར་ལས་བྱེད་པའི་རོགས་རམ་དང་གྲོས་འགོའི་འོག་དཀོར་ལྷ་སྒྲོལ་མས་རང་ཁྱིམ་འགྲམ་གྱི་ས་ཁོད་སྙོམས་ནས་ཡུལ་སྐོར་བའི་རླངས་འཁོར་འཇོག་ས་བཟོས། 《བཀྲ་ཤིས་པའི་ཚྭ་ཁ་ལྷོ》དང་། 《སེམས་ནང་གི་ཆབ་མདོ》 《ཁམས་པའི་ཕོ་རྒོད》སོགས་ཆང་གཞས་དང་སྨར་ཁམས་ཀྱི་པི་ཝང་ཟ་ཁང་གི་གར་སྟེགས་ཐོག་འཁྲབ་སྟོན་བྱེད་ཀྱི་ཡོད་པ་རེད།
      ཚོང་པ་ཞིག་ཡིན་པའི་དཀོར་ལྷ་སྒྲོལ་མས་ཚོང་གཉེར་ལ་མཐའ་མེད་པའི་གནས་ལུགས་རྟོགས་ཤིང་། དཀོར་ལྷ་ཚང་གི་མིང་གྲགས་ཆེ་རུ་གཏོང་ཆེད་ཁོང་གིས་གློག་ཀླད་དང་། གཏོང་སྤྲོད་འབོ། སྐད་འཕྲིན་བཅས་སྤྱད་ནས་འགྲུལ་པར་རང་ཉིད་ཀྱི་སྣོན་ཐུག་ངོ་སྤྲོད་བྱེད་ཀྱི་ཡོད་པ་རེད།
     ད་ཆ་ང་ཚོའི་ཁྱིམ་དུ་ཉིན་རེར་འགྲུལ་པ་30ནས་40བར་ཡོང་གི་ཡོད། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་ལྟར་ཁ་ལག་ཟ་མཁན་50ཟིན་པ་དང་། ཉིན་ལྟར་ཉུང་ཤོས་ལའང་ཡོང་འབབ་སྒོར་700རག་གི་འདུག 2017ལོར་ཡོང་འབབ་སྒོར་ཁྲི་50ཟིན་བྱུང་། དཀོར་ལྷ་སྒྲོལ་མ་འཇོན་ཐང་ཆེ་བའི་ཁར་ཁྲོམ་རའི་འཕེལ་ཕྱོགས་ལ་རྒྱུས་མངའ་ཆེ་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་2017ལོར་དངུལ་བུན་སྒོར་ཁྲི་300གཡར་བའི་ཐོག་རང་ཉིད་ཀྱི་སྒོར་ཁྲི་160བསྣན་ནས་སྡོད་ཁང་གསར་རྒྱག་བྱས། འབྱུང་འགྱུར་ངའི་བོད་ཁྱིམ་སྤྲོ་སྐྱིད་ཁང་ཕྱོགས་བསྡུས་རྣམ་པའི་མི་རིགས་ཤང་གི་ཁྱད་ལྡན་ཟ་ཁང་ཞིག་ཏུ་འགྱུར་ངེས་རེད་ཅེས་སྤོབས་པ་ཆེན་པོས་བཤད།
     ཕྱུག་པོ་ཆགས་རྗེས་ཁོང་གིས་སྣོན་ཐུག་ལ་བརྟེན་ནས་མི་མང་པོ་ཞིག་ཕྱུག་པོའི་ལམ་དུ་འཁྲིད་པ།
     དཀོར་ལྷ་སྒྲོལ་མ་ཕྱུག་པོ་ཆགས་རྗེས“ཁྱིམ་མཚེས་ཚོར་རོགས་པ་བྱས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་པ་བྱ་རྒྱུ”ནི་ཁོང་གི་འདུན་པ་ཆེ་ཤོས་དེ་རེད།
     སྣོན་ཐུག་ཟ་ཁང་གི་གཞི་ཁྱོན་རྒྱ་ཆེར་ཕྱིན་པ་དང་བསྟུན་ནས་དཀོར་ལྷ་སྒྲོལ་མས་ཉེ་འཁོར་གྱི་དུད་ཚང་དབུལ་པོའི་མི་གླས། གླ་པ་ཚོ་ཉིན་ལྟར་ལས་ཀ་ཆུ་ཚོད་3ལས་བྱེད་དགོས་མེད་པ་དང་ཉིན་རེར་གླ་ཆ་སྒོར་60སྤྲོད་པ་དང་། དགོང་མོ་ལས་ཀ་བྱས་ན་གླ་ཆ་ལོགས་སུ་སྤྲོད་ཀྱི་ཡོད། གླ་ཆ་ཉིན་རེ་བྱས་ནས་རྩིས་རྒྱག་གི་ཡོད་པ་དང་དེ་སྔོན་དངུལ་སྨར་སྤྲོད་པ་དང་ད་ཆ་སྐད་འཕྲིན་ཤོག་ཆག་བསྐུར་གྱི་ཡོད་པ་རེད།
      ཚེ་སྒྲུབ་ནི་དཀོར་ལྷ་སྒྲོལ་མའི་ཟ་ཁང་གི་ལས་མི་རྙིང་པ་ཞིག་ཡིན་པ་དང་དཀོར་ལྷ་སྒྲོལ་མས་ཁྲོམ་གཞུང་དུ་ཟ་ཁང་བཙུགས་ཡོད་པ་ཤེས་སྐབས་ཁོ་མོས་ཟ་ཁང་ནང་རོགས་པ་བྱེད་པར་ཕྱིན། “ཨ་ཅག་ཚེ་སྒྲུབ་ལས་ཀ་འཇོན་པས་ང་བློ་བདེ་པོ་འདུག”ཅེས་བཤད། ཚེ་སྒྲུབ་ཀྱི་གླ་ཆ་ཡང་ལོར་སྒོར་ཁྲི་2ལྷག་ཙམ་ལ་སྤར་ཡོད། གྲོང་པ་ཁྱིམ་མཚེས་རྙིང་པ་ཞིག་ཡིན་པས་ཕ་བཀྲ་ཤིས་ཀྱིས་ཀྱང་ཚེ་སྒྲུབ་ལ་སེམས་ཁུར་ཆེན་པོ་བྱེད་པ་དང་ཁྱིམ་ཆས་ཉོ་རིམ་བཞིན་ཚེ་སྒྲུབ་ལའང་གཅིག་པ་ཉོ་གི་ཡོད་པ་རེད།
     སྒྲོལ་དཀར་ཡང་དཀོར་ལྷ་སྒྲོལ་མའི་ལས་མི་རྙིང་པ་ཞིག་ཡིན་ཞིང་། ལོ་ཤས་གོང་དུ་སྒྲོལ་དཀར་ཁྱོ་བོ་དང་ཁག་ཁག་བྱས་རྗེས་ཨ་མ་དང་ཕྲུ་གུ་འཁྲིད་དེ་རྨོག་ཤོད་ཤང་ནས་འཇང་ཤང་དུ་སྤོས་ཏེ་ཁང་པ་ཆུང་ཆུང་ཞིག་གླས་ནས་བསྡད། གནས་ཚུལ་དེ་དཀོར་ལྷ་སྒྲོལ་མས་ཤེས་རྗེས་སྒྲོལ་དཀར་ཟ་ཁང་ནང་རོགས་པ་བྱེད་པར་སྐད་བཏང་།
     “སྐབས་ཤིག་རིང་སྒྲོལ་དཀར་ཡིད་མུག་ནས་ཐ་ན་འཚོ་བར་རྦད་དེ་ཡིད་ཐང་ཆད། ངས་ལས་ཀ་ཚར་རྗེས་སྒྲོལ་དཀར་དང་མཉམ་དུ་ཅི་འཕྲོས་མོལ་འཕྲོས་བཤད་དེ་ཁོང་ལ་ཡིད་མུག་ནས་སྡོད་རྒྱུ་མེད། ལས་ཀ་ཧུར་ཐག་བྱས་ཚེ་འཚོ་བར་རེ་བ་ཡོད”ཅེས་ཁ་ཏ་བསླབ་བྱ་བྱས་པ་ཡིན།
     ཚེ་རིང་གཡང་འཛོམས་ནི་དཀོར་ལྷ་སྒྲོལ་མའི་ཟ་ཁང་ནང་ནས་སྦྱངས་པ་ཐོན་མཁན་གྱི་གྲས་ཤིག་རེད། ཚེ་རིང་གཡང་འཛོམས་དཀོར་ལྷ་སྒྲོལ་མའི་ཟ་ཁང་ནང་ལས་ཀ་ལོ་5བྱས་པ་དང་དཀོར་ལྷ་སྒྲོལ་མས་ཁོང་ལ་སྣོན་ཐུག་བཟོ་སྟངས་བསླབས། ཚེ་རིང་གཡང་འཛོམས་ཀྱིས་ཟ་ཁང་འཛུགས་རྒྱུའི་སྐོར་ཤོད་སྐབས་དཀོར་ལྷ་སྒྲོལ་མས་མ་དངུལ་གཏོང་རོགས་བྱས་པ་མ་ཟད་སེམས་བཟང་ཚིག་ནན་གྱིས་གྲུབ་འབྲས་ཐོབ་པ་ཞིག་བྱེད་དགོས་ན། མཐའ་འཁྱོངས་བྱ་རྒྱུ་གཙོ་བོ་རེད་ཅེས་བཤད།
     ཁྱིམ་ནང་གི་ཀ་བ་ལྟ་བུ་ཡིན་པའི་ཚེ་རིང་གཡང་འཛོམས་ཀྱིས་དཀོར་ལྷ་སྒྲོལ་མའི་སྐད་ཆ་སེམས་ལ་བརྟན་པོར་ངེས་ནས་རྒྱལ་ལམ་འགྲམ་དུ་སྣོན་ཐུག་ཟ་ཁང་ཆུང་ཆུང་ཞིག་བཙུགས་ཤིང་། ད་ཆ་ཁོང་ལ་ལོ་ལྟར་ཡོང་འབབ་སྒོར་ཁྲི་5ནས་6བར་ཡོང་གི་ཡོད།
     ད་ཆ་དཀོར་ལྷ་སྒྲོལ་མས་དུད་ཚང་དབུལ་པོ་10ལ་རོགས་རམ་བྱེད་པ་དང་། ཁོང་དང་སྲིད་གཞུང་གི་རོགས་རམ་འོག་དུད་ཚང་དབུལ་པོ་10ཡི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་བདེ་སྐྱིད་ལྡན་པར་གྱུར།
     ལོ་ཆུང་ནས་གཞོན་ནུ་མའི་བར་དཀོར་ལྷ་སྒྲོལ་མས་འཚོ་བའི་དཀའ་སྡུག་སྣ་ཚོགས་ཁྲོད་རང་ཉིད་ཀྱིས་འབད་འཐབ་བྱས་མཐར་ཕུགས་འདུན་རེ་རེ་བཞིན་མངོན་འགྱུར་བྱུང་བ་མ་ཟད། བུད་མེད་ཚོའི་མིག་དཔེ་ཞིག་ཏུ་གྱུར་ཡོད། ཁོང་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་དེང་རབས་གཞོན་ནུ་ཚོས་སེམས་ནུས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་མཉམ་འགྲུབ་ཀྱི་རླབས་ཆེན་གྱི་དམ་བཅའ་ལག་བསྟར་བྱས་ཡོད།