འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།ཨེ་ཅེབ་ཀྱིས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་ཤུགས་ཆེན་བཏང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཨེ་ཅེབ་ཏུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཕེ་ཀྲའོ། 
     གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་ཨེ་ཅེབ་ཏུ་འཛམ་གླིང་ཐོག་གི་ཉི་ནུས་གློག་ཁང་ཆེ་ཤོས་དེ་བསྐྲུན་བཞིན་ཡོད། འཆར་གཞི་ལྟར་ན། གློག་ཁང་དེ་ནི་ཉི་ནུས་ཀྱི་གློག་འདོན་བཟོ་གྲྭ་ཁེར་རྐྱང་30ལས་གྲུབ་པ་ཞིག་ཡིན་ཞིང་། གློག་ཁང་དང་པོ་ནས་2019ལོའི་ཟླ་བཅུ་གཉིས་པར་གློག་གཏོང་འགོ་ཚུགས་རྒྱུ་རེད། དེ་འདྲ་བའི་ཉི་ནུས་གློག་ཁང་ད་དུང་ཨེ་ཅེབ་ཀྱི་ས་ཁུལ་གཞན་དུའང་བསྐྲུན་ཏེ། ཨེ་ཅེབ་མི་དམངས་ཀྱི་ཐོན་སྐྱེད་དང་། འཚོ་བ། དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་བསྐང་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ད་ལྟ་བསྐྲུན་བཞིན་པའི་ཉི་ནུས་གློག་ཁང་དེ་ཨེ་ཅེབ་ཀྱི་ནུབ་རྒྱུད་བྱེ་ཐང་དབུས་སུ་གནས་པ་དང་རྒྱལ་ས་ཁེ་རོ་ནས་བར་ཐག་སྤྱི་ལེ་500ལྷག་ཙམ་གྱི་སར་གནས་ཡོད། རྣམ་གྲངས་དེར་མ་དངུལ་ཨ་སྒོར་དུང་ཕྱུར་28བཏང་བ་དང་སྤྱིའི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་1700ཟིན་རྒྱུ་ཡིན་པ་རེད། གློག་གཏོང་འགོ་ཚུགས་རྗེས་གློག་གཏོང་ཚད་ཀྱིས་ཨེ་ཅེབ་ཀྱི་ཁྱིམ་ཚང་ཁྲི་བཅུ་ལྷག་ཙམ་དང་ཁེ་ལས་མང་པོའི་གློག་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
     ཨེ་ཅེབ《ཉིན་རེའི་ཚགས་པར་ཨང་བདུན་པའི》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཨེ་ཅེབ་ཀྱི་ཉི་ནུས་འཕེལ་རྒྱས་ཤུགས་ཆེན་འགྲོ་བའི་ལོར་འགྱུར་རེ་ཡོད་པ་རེད། མིག་སྔར་ཨེ་ཅེབ་ཀྱི་90%ཡན་གྱི་གློག་ཤུགས་མཁོ་སྤྲོད་མང་ཆེ་བ་སྲོལ་རྒྱུན་གྱི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལ་བརྟེན་གྱི་ཡོད། སྣུམ་རིན་དང་གློག་རིན་གཉིས་ཀ་མཐོ་རུ་འགྲོ་གི་ཡོད་པས། ཉེ་དུས་ཨེ་ཅེབ་སྲིད་གཞུང་གིས་ཀྱང་གློག་རིན་ཧ་ཅང་མཐོ་རུ་བཏང་བས་དམངས་ཚོགས་དང་ཁེ་ལས་ཀྱི་གནོན་ཤུགས་ཇེ་ཆེར་སོང་ཡོད།
     ཨེ་ཅེབ་ཀྱིས་དྭངས་གཙང་ནུས་རྒྱུ་གསར་སྤེལ་གྱི་ཁྱབ་ཁོངས་སུ་གོམ་སྟབས་བརྟན་པོ་སྤོས་ཚེ་དེས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ལ་བརྟེན་ནས་གློག་གཏོང་རྒྱུ་གཙོ་བོར་བྱེད་པའི་ནུས་རྒྱུའི་རྣམ་པར་འགྱུར་ལྡོག་འགྲོ་རྒྱུར་ཕན་པས། རྒྱལ་ནང་གི་གློག་མཁོ་སྤྲོད་ཀྱི་གྲུབ་ཆར་འགྱུར་ལྡོག་ཕྱིན་ཏེ་ཨེ་ཅེབ་ཀྱི་གློག་རིན་ཡང་དེ་དང་བསྟུན་ནས་ཆག་སྟེ་དམངས་ཚོགས་ལ་ཕན་པ་ཐོབ་རྒྱུ་རེད།
     ཨེ་ཅེབ་ཀྱི་དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་ཀྱི་འཆར་གཞིར་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང(གཤམ་དུ“ཨེ་ཤེ་ཡ་མ་འཇོག་དངུལ་ཁང”ཞེས་བསྡུ་རྒྱུ)གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད། ན་ནིང་ཟླ་9ཚེས་5ཉིན་ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་དེའི་གཞུང་ཕྱོགས་དྲ་ཚིགས་ཐོག་ཨེ་ཅེབ་ལ་དངུལ་བུན་ཨ་སྒོར་དུང་ཕྱུར་2.1བཏང་སྟེ་ཨེ་ཅེབ་ཀྱི་ཉི་ནུས་རྣམ་གྲངས་11བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཨེ་ཤེ་ཡ་མ་འཇོག་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་མངོན་དོན། “ཉི་ནུས་ཀྱི་གློག་འདོན་རྣམ་གྲངས་ཀྱིས་ཨེ་ཅེབ་ཀྱི་གློག་འདོན་ནུས་པ་ལེགས་སུ་ཕྱིན་ཏེ་རང་བྱུང་སོལ་རླངས་དང་རྡོ་སོལ་ལ་བརྟེན་ཚད་ཉུང་དུ་འགྲོ་རྒྱུ་མ་ཟད། རྒྱལ་ཁབ་དེས་གནམ་གཤིས་འགྱུར་ལྡོག་གི《ཕ་རི་སིའི་གྲོས་ཆོད》ནང་བཞག་པའི་ཁས་ལེན་བསྒྲུབ་རྒྱུར་ཡང་ཕན་ཐོགས་ཡོད”