འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།ཝར་སོའི་གྲོང་རྙིང་བསྐྱར་སྐྲུན་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཀུང་ཐིའེ་དབྱིན་གྱིས།  
     ཝར་སོའི་གྲོང་རྙིང་གི་ཉ་གཟུགས་མཛེས་མའི་བརྐོས་རིས་དང་། རྒྱལ་པོའི་ཕོ་བྲང་། ལྕམ་ཅུས་ལིའི་རྟེན་རྫས་བཤམས་མཛོད་ཁང་སོགས་མང་པོ་ཡོད་པ་ལས། དབྱིབས་གྲུ་བཞི་ནར་མོའི་ཚོང་འདུས་ཐང་ཆེན་ཞིག་ཡོད་པ་དེ་ནི་ཝར་སོ་གྲོང་ཁྱེར་གྱི་མཚོན་རྟགས་ལྟ་བུ་ཡིན་ལ། དུས་རབས་བཅོ་བརྒྱད་པའི་གོང་ནས་བཟུང་གྲོང་ཁྱེར་དེའི་ལྟེ་བར་གྱུར་ཡོད། ད་ཆ་ཐང་ཆེན་དེའི་མཐའ་འཁོར་དུ་ཟ་ཁང་དང་། ཚོང་ཁང་། ཀོག་ཧྥེ་ཁང་སོགས་ཀྱིས་ཁེངས་ཤིང་། གཟའ་མཇུག་ལ་སླེབས་སྐབས་སྤྱིར་དེ་ནས་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་བསྐོར་ནས་འགྲོ་ཡི་ཡོད་པས། དེ་ག་རྐང་ཐང་ཁྲོམ་གཞུང་དུ་གྱུར་ནས་བྱིས་པ་དང་ཁྲོམ་ལམ་སྒྱུ་རྩལ་པའི་དགའ་ཚལ་ལྟ་བུར་འགྱུར་གྱི་ཡོད།
     མཁར་རྫོང་ཐང་ཆེན་ནས་ཡུད་ཙམ་བསྐྱོད་ན་གྲོང་ཁུལ་རྙིང་པའི་ཐང་ཆེན་དུ་སླེབས་ཐུབ། སྲང་ལམ་གུ་དོག་པོ་འགའ་བརྒྱུད་དེ་ལམ་འགྲམ་གྱི་ཆོས་ཁང་ཡོལ་ན་དེ་བས་ཡངས་ཤིང་རྒྱ་ཆེ་བའི་མཁར་རྫོང་ཐང་ཆེན་དུ་སླེབས་ཐུབ།
     ཝར་སོ་གྲོང་ཁྱེར་ནི་ཡོ་རོབ་དབུས་མའི་རྒྱལ་ཁབ་ཁག་གི་ཉོ་ཚོང་བགྲོད་ལམ་གཙོ་བོའི་ཐོག་གནས་ཡོད་ལ་ལོ་800ལྷག་གི་ལོ་རྒྱུས་ལྡན། འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད། ཝར་སོའི་མི་ཁྲི་86རྐྱེན་ལམ་དུ་ཤོར་བ་མ་ཟད་བཟོ་སྐྲུན་དངོས་པོ་85%རྨེག་མེད་དུ་བརླགས་པ་དང་། དམག་འཁྲུག་གོང་རིག་དངོས་གནའ་ཤུལ་ཁོངས་སུ་བཅུག་པའི་བཟོ་བཀོད་957ཁྲོད་34ལས་སོར་ཉར་ཐུབ་མེད་པ་དང་། དེ་དག་ལས་782རྩ་མེད་དུ་སོང་ནས་དེ་སྔའི་མཛེས་ཤིང་བརྗིད་ཆགས་པའི་གནའ་བོའི་བཟོ་བཀོད་གཅིག་ཀྱང་ལྷག་མེད་པ་རེད། མི་ཁ་ཤས་ཀྱིས། དམག་འཁྲུག་གོང་གི་མཛེས་སྡུག་ལྡན་པའི་ཝར་སོ་སླར་ཡང་མཐོང་ཐབས་བྲལ་ཞེས་ཚིག་ཐག་བཅད་ཀྱང་། སེམས་འགུལ་ཐེབས་པ་ཞིག་ལ། དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་ལོ་20རིང་། ཕོ་ལན་མི་དམངས་ཀྱིས་ཝར་སོ་གྲོང་ཁྱེར་གྱི་དེ་སྔའི་རྣམ་པ་སླར་གསོ་བྱས་པས་དམངས་སེམས་གཅིག་སྒྲིལ་ཐུབ་པ་མ་ཟད་མི་རིགས་ཀྱི་ལ་རྒྱ་ཡང་སྲུང་བ་རེད། ཝར་སོར་གཏོར་བརླག་ཐེབས་ཀྱང་ཡོངས་སུ་གཏོར་བརླག་མ་ཐེབས་པ་ནི་ལོ་རྒྱུས་ཀྱི་སྐྲུན་དངོས་སླར་གསོ་བྱས་པ་ཙམ་ཞིག་མིན་པར་མི་རིགས་ཀྱི་སྙིང་སྟོབས་སླར་ཡང་རྒྱས་པའི་ཆེད་རེད།
    1945ལོའི་ཟླ་གཉིས་པར། ཝར་སོར་རྒྱལ་ས་བསྐྱར་སྐྲུན་གྱི་གཞུང་དོན་ཁང་བཙུགས་པར། དམངས་ཚོགས་ཀྱིས་སྲིད་གཞུང་ལ་དམག་འཁྲུག་གོང་གི་པར་རྙིང་དང་། བགྲེས་པོ་དག་གི་དྲན་ཤེས་ལྟར་བྲིས་པའི་དཔེ་རིས་སོགས་དཔྱད་གཞི་ཏུན་བརྒྱ་ཕྲག་དུ་མ་མཁོ་འདོན་བྱས་པ་རེད། དམག་ཆེན་གཉིས་པའི་གོང་ཤི་ཐེ་ལེས་ཕོ་ལན་མངའ་འོག་ཏུ་འཇུག་རྒྱུ་ཞེས་འཇིགས་སྐུལ་བྱས་པས། ཝར་སོ་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་དགེ་སློབ་ཚོས་གནའ་གྲོང་དེ་རྩ་བརླག་ཏུ་འགྲོ་རྒྱུ་རེད་བསམས་ཏེ། ཝར་སོ་གྲོང་ཁྱེར་གྱི་བཟོ་སྐྲུན་དང་ཁྲོམ་གཞུང་ཚང་མ་ཁྱོན་ཡོངས་ནས་ཐིག་ལེན་རིས་འབྲི་བྱས་པ་རེད། ཁོང་ཚོས་ཁྲོམ་གཞུང་གནས་ས་དང་བཟོ་སྐྲུན་དངོས་རིགས་ཁག་གི་མདུན་ངོས་རྣམ་པ་ཞིབ་འབྲི་བྱས་པ་མ་ཟད་ད་དུང་པར་མང་པོ་བརྒྱབ་ནས། གནའ་གྲོང་དེའི་ཞིབ་ཆ་ཚང་མ་ཟིན་ཐོར་བཀོད་པ་རེད།
     1947ལོར་ཝར་སོ་བསྐྱར་སྐྲུན་ལས་དོན་སྤེལ་འགོ་ཚུགས་ཤིང་། སྲིད་གཞུང་གིས་མི་དང་རྒྱུ་ནོར་བཏང་ནས་1930ལོར་ཕྱི་རྒྱལ་བས་ཕོ་ལན་བཟུང་ཚུན་གྱི་ཨར་སྐྲུན་ལ་མཛེས་རིག་དང་རིག་དངོས་ཀྱི་རིན་ཐང་ཐད་ཞིབ་འབྱེད་བྱས་ནས་བསྐྱར་སྐྲུན་བྱས་རྗེས་གྲོང་ཁྱེར་ཨར་སྐྲུན་གྱིས་ཝར་སོའི་ལོ་རྒྱུས་དུས་སྐབས་ཀྱི་ཨར་སྐྲུན་གཙོ་བོའི་ཉམས་འགྱུར་མངོན་རེ་བྱེད་ཀྱི་ཡོད། ལོ་གཅིག་དང་ཟླ་བ་གསུམ་སོང་རྗེས་གྲོང་ཁྱེར་གྱི་ཐང་ཆེན་བསྐྱར་སྐྲུན་བྱས་པ་དང་དེ་རྗེས་ལོ་རྒྱུས་ཀྱི་ཨར་སྐྲུན་ཁག་གཅིག་ཀྱང་རིམ་གྱིས་ཉམས་གསོ་བྱས་ཡོད། ལོ་གསུམ་ནང་ཚུན་དུ་ཝར་སོ་གྲོང་ཁྱེར་སྤྱིར་ན་སྔར་ཡོད་ཇི་བཞིན་ཉམས་གསོ་བྱས་པ་དང་ཕོ་བྲང་དང་། ཆོས་ཁང་། མཁར་རྫོང་བཅས་ལ་དེ་སྔའི་བརྗིད་ཉམས་མངོན་བཞིན་མཆིས།
      འཛམ་གླིང་རིག་གནས་ཤུལ་བཞག་གི་དཔྱད་འཇོག་ལམ་སྲོལ་གྱིས་བསྐྱར་སྐྲུན་བྱས་པའི“ཤུལ་བཞག”དང་ལེན་བྱས་མེད་མོད། འོན་ཀྱང་དམག་ཆེན་གཉིས་པའི་རྗེས་བསྐྱར་སྐྲུན་བྱས་པའི་ཝར་སོ་གྲོང་ཁྱེར་1980ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ། ཚན་རིག རིག་གནས་རྩ་འཛུགས་ཀྱིས“ཝར་སོའི་ལོ་རྒྱུས་ལྟེ་གནས”ཀྱི་མིང་ཐོག་ནས《འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང》ནང་བཅུག་ཡོད། འདི་ནི་དམིགས་བསལ་གྱི་དཔེ་མཚོན་ཞིག་ཡིན་ལ་ངོ་མཚར་བཏོད་པ་ཞིག་ཀྱང་ཡིན། ཕོ་ལན་མི་དམངས་ཀྱིས་རང་ཉིད་ཀྱི་མི་རིགས་ཀྱི་རིག་གནས་དང་ལོ་རྒྱུས་ཀྱི་སྲོལ་རྒྱུན་ལ་སྲུང་སྐྱོང་བྱེད་པའི་སྙིང་སྟོབས་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་། ཚན་རིག རིག་གནས་བཅས་རྩ་འཛུགས་ལ་སེམས་འགུལ་ཐེབས་འོས་པ་ཞིག་ཡོད།