འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་19ཉིན།

༄༅།།“ང་ཀྲུང་གོར་སླེབས་རྗེས་འདིར་གཞིས་ཆགས་འདོད་བྱུང་།” 

—— ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་པར་ཕྱི་རྒྱལ་ཚོང་པས་བསྔགས་བརྗོད་བྱེད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་18ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཧོ་དང་ཀྲོའུ་ལིན། 
      གསར་དུ་སླེབས་པའི་ཕྱི་རྒྱལ་གྱི་ཚོང་འགྲུལ་པའི་སེམས་གནས་ཐུབ་པ་བྱས་པ་དང་། ཀྲུང་གོར་གཞིས་ཆགས་པའི་ཐོག་མའི་བསམ་བློ་གཏོང་མཁན། ཀྲུང་གོར་ལོ་བཅུ་གྲངས་གཞིས་ཆགས་རྒྱུར་སྐུལ་འདེད་གཏོང་མཁན་གྲོགས་པོ་རྙིང་པ། སྐབས་དང་པོའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་མི་ཉུང་བ་ཞིག་གིས་ཀྲུང་གོའི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་རིམ་སྤོར་བྱས་པར་བསྔགས་བརྗོད་བྱས་པ་དང་། འབྱུང་འགྱུར་དེ་ལས་ལྷག་པ་ཡོང་རྒྱུའི་རེ་སྒུག་ཀྱང་བྱེད་བཞིན་ཡོད་པ་རེད།
     གཞིས་ཆགས་འདོད་ན་ཚོང་གཉེར་ཞབས་ཞུ་བ་འཚོལ་དགོས།
      ཏིར་ཧྲའོ་ཏེ་ནི་ཨུ་་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ཁབ་སྨན་རྫས་སྨན་བཅོས་ཡོ་ཆས་ཆེད་ལས་ཚད་གཞི་ལྟེ་གནས་ཀྱི་འཐུས་མི་ཡིན་པ་དང་། ཁོང་གིས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགྲེམས་ཁང་དུ་འཛུལ་མ་ཐག་ཧྲང་ཧའེ་གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱི“SHFDA”ཞེས་པའི་མཚོན་རྟགས་མཐོང་ཡོད་པ་རེད། ཁོང་གིས་ང་ཚོའི་རྒྱལ་ཁབ་ཀྱི་སྨན་རྩྭ་ལས་སྣོན་ལ་ཁྱད་ཆོས་ཟབ་མོ་ལྡན་པས། ཧྲང་ཧའེ་རུ་ཚོང་ཁང་ཞིག་གཉེར་འདོད་འདུག དེར་བརྟེན་གྲ་སྒྲིག་གང་འདྲ་བྱེད་དགོས་མིན་ཤེས་འདོད་ཆེན་པོ་འདུག་ཅེས་བཤད།
       ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཁེ་ལས་མི་ཉུང་བ་ཞིག་ནི་ཀྲུང་གོར་ཡོང་ཐེངས་དང་པོ་ཡིན་པ་དང་། ཁོང་ཚོ་ཚང་མར་ཀྲུང་དབྱིན་སྐད་གཉིས་ཀྱི་ཧྲང་ཧའེ་རུ་ཚོང་ཁང་གཉེར་བའི་ཕྱོགས་སྟོན་དེབ་ཞིག་རག་ཡོད། བཟོ་ཚོང་ཐོ་འགོད་དང་འབྲེལ་བ་ཡོད་པའི་དོན་ཚན་ཚང་མ《ཚོང་གཉེར་ཁོར་ཡུག་ལས་བརྒལ་རྒྱུར་ཧྲང་ཧའེ་ཡིས་གྲ་སྒྲིག་བྱས་ཟིན》ཅེས་པའི་ཕྱོགས་སྟོན་དེབ་ནང་ཞིབ་ཕྲ་བཀོད་ཡོད་པ་མ་ཟད། ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་ས་ནས་ཕྱོགས་ཡོངས་ཀྱི་བློ་འདྲི་འགན་ལེན་གྱི་ལས་དོན་མཁོ་འདོན་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་ཚོང་པས་ཧྲང་ཧའེ་རུ་ཁེ་ལས་གཉེར་བར་མགྱོགས་ན་གོ་རིམ་གསུམ་དང་ཉིན་ལྔ་ལས་འགོར་གྱི་མེད་པ་དང་། དེ་དག“དཀར་ཁུང་གཅིག་ནང་ཀུན་འདུས”ཀྱི་ཞབས་ཞུའི་ལས་སྟེགས་ནས་ལེགས་གྲུབ་བྱེད་ཐུབ།
     ཁ་ན་ཏ་ALL IMPACT FOODSཀུང་སིའི་འགན་འཁུར་བ་ཧྥོ་ལན་ཁེས་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་སྲིད་གཞུང་གི་བློ་འདྲིའི་ཞབས་འདེགས་ཞུ་མཁན་ཡོད་པ་ཤེས་འཕྲལ་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་ཚོང་དོན་རྩོད་གཞི་ཐག་གཅོད་ཞབས་ཞུའི་ལྟེ་གནས་སུ་བསྐྱོད། ལོ་གཉིས་གོང་ཁོང་གིས་ཚབ་གཉེར་བྱས་པའི་མོ་རོ་ཁོའི་ཤིང་ཏོག་གི་ཁུ་བ་སྤུས་རྟགས་ཀྲུང་གོའི་ཁྲོམ་རར་ཞུགས་པ་དང་། ཚོང་རྟགས་ཐོ་འགོད་བྱེད་སྐབས་ཨ་རིའི་ཀུང་སི་ཞིག་གིས་སྔོན་ལ་ཐོ་འགོད་བྱས་ཡོད་མོད། འོན་ཀྱང་ཨ་རིའི་ཀུང་སི་དེས་དངོས་སུ་སྤྱད་མེད་པ་རེད། ལས་དོན་མི་སྣས་གནས་ཚུལ་ལ་གཞིགས་ནས་ལན་གསལ་པོ་བརྒྱབ་བྱུང་། དེས་ང་ལ་ཕན་པ་ཆེན་པོ་ཐོབ་བྱུང་ཞེས་ཧྥོ་ལན་ཁེས་བཤད།
      ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གི་ཨང་རིམ་ཤུགས་ཆེན་འཕར་བས་བསྔགས་བརྗོད་ཐོབ་པ།
      སྔོན་ཆད་ཁེ་ལས་ཀྱིས་སྲིད་གཞུང་གི་དཀར་ཁུང་དུ་དོན་དག་སྒྲུབ་སྐབས་དུས་ཚོད་མང་པོ་འགོར་གྱི་ཡོད་ཀྱང་ད་ཆ་དེ་འདྲ་གཏན་ནས་མིན་པ་རེད། ཉིན་ཤས་གོང་འཛམ་གླིང་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི 《2019ལོའི་ཚོང་གཉེར་ཁོར་ཡུག་གི་སྙན་ཞུའི》ནང་འཁོད་དོན། ཀྲུང་གོའི་ཚོང་གཉེར་ཁོར་ཡུག་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་190ཁྲོད་ཀྱི་ཨང་རིམ་78ནས་ཨང་46བར་འཕར་ནས་འཛམ་གླིང་གི་མདུན་གྲལ་ཨང་50པར་ཐེངས་དང་པོ་སླེབས་ཡོད། འཛམ་གླིང་དངུལ་ཁང་གིས་ཀྲུང་གོའི་ཁེ་ལས་གཉེར་བ་དང་། ཨར་སྐྲུན་གྱི་ཆོག་འཐུས་ལག་ཁྱེར་གཉེར་བ། གློག་ཤུགས་མཁོ་འདོན། ཁྲལ་འཇལ། རྒྱལ་མཚམས་བརྒལ་བའི་ཚོང་དོན་སོགས་ཀྱི་སྒྱུར་བཅོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་ཚོང་གཉེར་ཁོར་ཡུག་ཀྱང་ཧ་ཅང་ལེགས་སུ་ཕྱིན་ཡོད།
      ཀྲུང་གོའི་འཛད་སྤྱོད་པ་གསར་པ་མང་དུ་ཕྱིན་པ་ནི་ཚོང་གཉེར་ཁོར་ཡུག་ལེགས་སུ་ཕྱིན་པའི་ཐད་ཀའི་མཚོན་ཚུལ་ཞིག་རེད། ནེའུ་ཙི་ལན་གྱི་དཀར་ཆུའི་ཐོན་རྫས་ཁེ་ལས་ཉིའུ་ཧྲི་ལན་གྱི་ཏུང་ཧྲི་ཀྲང་ཧྲེང་ཝུན་ཧའོ་ཡིས་འོ་མ་སོས་པ་ཧྲང་ཧའེ་འགག་སྒོར་སྒུག་མི་དགོས་པས་ནེའུ་ཙི་ལན་གྱི་འབྲོག་ར་ནས་ཐད་ཀར་ཀྲུང་གོའི་འཛད་སྤྱོད་པའི་གསོལ་ལྕོག་ཐོག་སྐྱེལ་བར་ཉིན་གསུམ་ལས་འགོར་གྱི་མེད་ཅེས་བཤད།
      འགག་སྒོ་ཤར་གཏོང་བྱེད་ཚད་མཐོ་རུ་ཕྱིན་པའི་སྐོར་གླེང་སྐབས་རྒྱལ་སྤྱིའི་གྲགས་ཅན་གྱི་ཟོག་འགྲེམས་ཞབས་ཞུ་མཁོ་སྤྲོད་ཚོང་པ་UPSཡི་ཀྲུང་གོའི་ཁུལ་གྱི་སྤྱི་ཁྱབ་ཧ་ལྷོ་ཏེ·ཕི་ཏེ་སིར་མྱོང་བ་ཟབ་མོ་བྱུང་ཞིང་། ཁོང་གིས་རྒྱལ་མཚམས་སྒྲོལ་བའི་ཚོང་དོན་འགག་སྒོ་མང་པོ་དང་འབྲེལ་བ་ཡོད། མགྱོགས་ལ་སྟབས་བདེའི་ངང་འགག་སྒོ་ནས་ཤར་གཏོང་ཐུབ་པ་ནི་ཕྱིར་ཚོང་ནང་འདྲེན་ཚོང་དོན་གྱི་འགག་རྩ་ཞིག་རེད། འདས་ཟིན་པའི་ལོ་ཤས་ནང་ཀྲུང་གོ་སྲིད་གཞུང་གིས་འགག་སྒོ་ཤར་གཏོང་གི་གོ་རིམ་ལེགས་སུ་གཏོང་རྒྱུར་གཞོལ་བཞིན་ཡོད་པ་དང་། འགག་སྒོའི་ཤར་གཏོང་གི་མྱུར་ཚད་ཀྱང་ལོ་རེ་བཞིན་མགྱོགས་སུ་འགྲོ་བ་དང་། ང་ཚོས་ཚོང་གཉེར་ཁོར་ཡུག་གི་འགྱུར་ལྡོག་དེའི་ཁྲོད་ནས་མངོན་གསལ་དོད་ཤོས་ཤེས་ཀྱི་འདུག་ཅེས་བཤད།
     ཚོང་གཉེར་ཁོར་ཡུག་ལེགས་ཤོས་མེད་ཀྱང་དེ་བས་ལེགས་པ་ཡོང་རྒྱུའི་རེ་སྒུག་བྱེད་པ།
     ཕྱི་རྒྱལ་གྱི་ཚོང་པ་མི་ཉུང་བ་ཞིག་དགའ་འོས་པ་ཞིག་ནི་ཀྲུང་གོས་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱི་རྒྱལ་ཚོང་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ལྷག་དོན་དུ་ཤེས་བྱའི་བདག་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ཁྲིམས་ལྟར་ཉེས་པ་བཅད་དེ་ཉེས་ཆད་གཅོད་པའི་རང་བཞིན་གྱི་གུན་གསབ་ལམ་ལུགས་ནང་འདྲེན་བྱེད་བཞིན་ཡོད་པ་དེ་རེད།
     “ཚོང་གཉེར་ཁོར་ཡུག་གིས་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ལ་ལྟ་སྟངས་འདྲ་མཉམ་འཛིན་པ་དང་། དེའི་ཁྲོད་ནས་གནད་འགག་ཆེ་ཤོས་ཤིག་ནི་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱ་རྒྱུ་དེ་རེད”ཤེས་བྱའི་དབང་དབང་ལ་གནོད་འཚེ་གཏོང་བའི་བྱེད་སྤྱོད་ལ་ཀྲུང་གོས་མཐའ་གཅིག་ཏུ་ཉེས་པ་བཅད་དེ་གཞུང་ཁོངས་དང་། དམངས་གཉེར། ཕྱི་རྒྱལ་བཅས་ཀྱི་ཁེ་ལས་གང་ཞིག་ཡིན་རུང་ཚང་མའི་སེམས་ཁྲལ་བསལ་བ་དེ་རེད་ཅེས་ཀྲུང་གོ་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཁྲེན་ཧྥུང་དབྱིང་གིས་བཤད།
     རི་པིན་ཧྥུའུ་ཧྲེ་སྤྱིན་ཤོག(ཀྲུང་གོ)མ་འཇོག་ཚད་ཡོད་ཀུང་སིའི་འགན་འཁུར་བས་ཀྲུང་གོས་འཇམ་ཤུགས་ཐད་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་རྒྱལ་སྤྱིའི་རྒྱུན་སྲོལ་དང་ཚད་གཞི་དང་སྔར་བས་མཐུན་པའི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
     ཕྱི་རྒྱལ་གྱིས་མ་དངུལ་བཏང་བའི་ཁེ་ལས་མི་ཉུང་བ་ཞིག་གིས་སྲིད་གཞུང་གིས་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་དེ་སྔར་བས་དོན་དངོས་དང་མཐུན་རྒྱུའི་རེ་བ་བྱེད་ཀྱི་ཡོད། SGSཚད་ལྡན་ལག་རྩལ་ཞབས་ཞུ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཏུའུ་ཅ་པིན་གྱིས་ཚོང་གཉེར་ཁོར་ཡུག་ལེགས་ཤོས་མེད་ཀྱང་དེ་ལས་ལེགས་པ་ཡོང་བར་ངོས་འཛིན་གཅིག་མཐུན་བྱེད་ཅིང་། ཁོང་གིས“ང་ཚོས་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཀྲུང་གོས་བཏོན་པའི་ཕྱི་ཕྱོགས་སྒོ་དབྱེའི་བྱེད་ཐབས་ཆེན་པོ་ཁག་གཅིག་ལ་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ལ། ཚོང་གཉེར་ཁོར་ཡུག་སྔར་བས་ཚད་ལྡན་དུ་འགྱུར་རྒྱུའི་ཡིད་ཆེས་ཀྱང་ཡོད”ཅེས་བཤད་པ་རེད།