༄༅།།རང་རྒྱལ་གྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ“ཐོབ་ཐང་ལག་ཁྱེར”ཐོག་མར་རག་པ།
གསར་འགྱུར་སྤེལ་དུས། 【2018ལོའི་ཟླ་ 11ཚེས་18ཉིན། 11:33】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་11ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཚེས་16ཉིན་གསར་དུ་བཙུགས་པའི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་10ལ་ཞིང་ལས་དང་གྲོང་གསེབ་པུས་སྤྲད་པའི་ཐོ་འགོད་ལག་ཁྱེར་རག་པ་དེས་རང་རྒྱལ་གྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ“ཐོབ་ཐང་ལག་ཁྱེར”ཐོག་མར་རག་པ་མཚོན་ཡོད།
དེ་ནི་གསར་འགོད་པར་ནན་ཅིང་དུ་འཚོགས་པའི་རྒྱལ་ཡོངས་གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ཚོད་ལྟའི་སྐུལ་འདེད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བའི་ཆ་འཕྲིན་ཞིག་རེད། ཀྲུང་དབྱང་གྲོང་གསེབ་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཚོགས་འདུའི་ཐོག་2016ལོའི་ལོ་མཇུག་ཏུ་ཡོངས་བསྒྲགས་བྱས་པའི《གྲོང་གསེབ་མཉམ་སྡེབ་བདག་དབང་ལམ་ལུགས་སྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང་མཉམ་སྡེབ་གཅིག་གྱུར་གཉེར་སྐྱོང་གི་མ་རྩ་ཡོད་པའི་གྲོང་ཚོ་དང་། ཙུའུ། ལྷག་པར་དུ་གྲོང་ཁྱེར་ནང་གི་གྲོང་ཚོ་དང་། གྲོང་ཁྱེར་ཉེ་འདབས་ཀྱི་གྲོང་ཚོ། དཔལ་འབྱོར་དར་རྒྱས་ཆེ་བའི་གྲོང་ཚོ་སོགས་སུ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས་པ་བཏོན་ཡོད་ཅེས་བཤད།
མིག་སྔར་རྒྱལ་ཡོངས་སུ་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཁྲི་13ལྷག་ཙམ་ཟིན་པའི་ནང་མཉམ་སྡེབ་ཁོངས་མི་ཁྱོན་དུང་ཕྱུར་ཁྲི་2ལྷག་ཙམ་ཡོད་པ་གཏན་འཁེལ་བྱས་ཡོད། གསར་འགོད་པར་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ས་ཁུལ་ཁག་གིས་གསར་དུ་བཙུགས་པའི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཐོ་འགོད་བྱེད་དགོས་པ་དང་གཅིག་གྱུར་གྱི་སྤྱི་ཚོགས་ཀྱི་ཡིད་རྟོན་ཨང་ཚབ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན་པའི་བསམ་འཆར་རྒྱ་ཁྱབ་ངང་བཏོན་པ་དང་། དེ་སྔ་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ལག་ཁྱེར(ཐོ་འགོད་ལག་ཁྱེར)དང་རྩ་འཛུགས་ཀྱི་སྒྲིག་གཞིའི་ཨང་ཚབ་ལག་ཁྱེར་ཡོད་པའི་རྩ་འཛུགས་ཀྱིས་ཀྱང་ལག་ཁྱེར་བརྗེ་པོ་བརྒྱབ་ནས་ཨང་ཚབ་གསར་པ་ལེན་དགོས་ཀྱི་ཡོད་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ལས་དང་གྲོང་གསེབ་པུས་ད་ཐེངས་ལག་ཁྱེར་སྤྲོད་པའི་རྨང་གཞིའི་ཐོག་རྒྱལ་ཡོངས་ཀྱི་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ལ་ཐོ་འགོད་ལག་ཁྱེར་སྤྲད་ཡོད་པ་རེད། མཉམ་སྡེབ་མ་དངུལ་དོ་དམ་ཡག་པོ་དང་མཉམ་སྡེབ་ཐོན་ཁུངས་གསར་སྤེལ་སོགས་ཀྱི་ནུས་པ་འདོན་སྤེལ་ལ་སྟབས་བདེ་སྐྲུན་ཆེད་གྲོང་གསེབ་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱིས་ཐོ་འགོད་ལག་ཁྱེར་ལ་བརྟེན་ནས་འབྲེལ་ཡོད་ཚན་པར་ཐམ་ག་བརྐོ་བཟོ་དང་དངུལ་ཁང་དུ་རྩིས་ཁྲ་བཟོ་བ་སོགས་ཀྱི་འབྲེལ་ཡོད་འགྲོ་ལུགས་གཉེར་ཆོག་གི་ཡོད།