འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་18ཉིན།

༄༅།།“ང་དང་གངས་ལྗོངས་ས་མཐོ་མཉམ་དུ་འདྲེས” 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཅ་ཆི་ལུང་དང་ཐན་ཅན།  
      བརྩེ་བ་ཟབ་མོ་མཚོ་བོད་ས་མཐོར་བཅངས།
     མཚོ་སྔོན་ཞིང་ཆེན་རྫ་སྟོད་རྫོང་མི་དམངས་དྲག་ཆས་པུའི་པུའུ་ཀྲང་ངོ་གདོང་སྨུག་ལ་གཟུགས་སྟོབས་ཆེ་བའི་ཏུའུ་ཅུན་གྱིས་མཚོ་བོད་ས་མཐོ་བརྟན་སྲུང་བྱས་ནས་ད་བར་བགྲང་བྱ་28འགྲོ་གི་ཡོད་པ་དང་། ཁོང་གིས“ད་ཆ་ང་གངས་ལྗོངས་ས་མཐོ་དང་མཉམ་དུ་འདྲེས་སོང”ཞེས་བཤད།
     ཁ་བ་བབས་རྗེས་ཏུའུ་ཅུན་གྱིས་འབྲས་དང་། གྲོ་ཞིབ། སྣུམ། ཇ་བག་ཆུང་བཅས་ཁྱེར་ཏེ་ཐལ་རོ་རྒྱུད་གྲོང་ཚོའི་རྒན་གསོ་ཁང་དུ་ཡོད་པའི་བོད་རིགས་ཀྱི་ཨ་མ་རྒན་མོ་20ལྷག་ཙམ་ལ་ལྟ་བར་བསྐྱོད། འདི་གར་ཁོང་དང་བགྲེས་སོང་ཚོས་ཐབ་ཀྱི་མཐའ་བསྐོར་ནས་ཇ་བསྲུབས་མ་འཐུང་བཞིན་ཅི་འཕྲོས་མོལ་འཕྲོས་བྱེད་པ་དང་དགོད་སྒྲ་ཡང་ལྷང་ལྷང་དུ་གྲགས།
      ལོ་ཉི་ཤུའི་གོང་ཡུལ་ཤུལ་གྱི་རྟ་དམག་ལེན་དུ་ཕའེ་ཀྲང་གི་འགན་འཁུར་བཞིན་པའི་ཏུའུ་ཅུན་གྱིས་རུ་སྣེ་ཁྲིད་དེ་ཐལ་རོ་རྒྱུད་དུ་འབྱོར་སྐབས་ཁ་བ་བུ་ཡུག་འཚུབ་པས། གྲོང་ཚོའི་ཉེ་འགྲམ་གྱི་སྒོ་ར་ཆུང་ཆུང་ཞིག་ཏུ་མི་སྡོད་ཀ་མེད་བྱུང་། དེ་དུས་གཅིག་སེམས་གཅིག་ལ་བརྟེན་པའི་བོད་རིགས་ཀྱི་ཨ་མ་རྒན་མོ་དྲུག་གིས་བཅིངས་འགྲོལ་དམག་ལ་འོ་ཇ་སྟེར།
     སྒོ་ར་དེ་ནི་ད་ཆའི་རྒན་གསོ་ཁང་དེ་རེད། དེ་རྗེས་ཏུའུ་ཅུན་གྱིས་རྒྱུན་དུ་དེ་གར་བགྲེས་སོང་ཚོར་ལྟ་བར་འགྲོ་གི་ཡོད། ཡུལ་ཤུལ་གྱི་རྟ་དམག་ལེན་དུ་སྲོལ་རྒྱུན་ཞིག་ཆགས་ཡོད་པ་སྟེ། དམག་མི་རྒན་གྲས་དམག་ཞབས་ཐིམས་ནས་དཔུང་སྡེ་ནས་མ་འབྲལ་གོང་ངེས་པར་དུ་རྒན་གསོ་ཁང་དུ་བསྐྱོད་ནས་བགྲེས་སོང་ཚོ་དང་ཞལ་གྱེས་ཞུ་སྲོལ་ཡོད་པ་དང་། དམག་གསར་དཔུང་སྡེར་འབྱོར་རྗེས་ངེས་པར་དུ་རྒན་གསོ་ཁང་དུ་འཚམས་འདྲིར་འགྲོ་སྲོལ་ཡོད།
     རྫ་སྟོད་རྫོང་དུ་དྭ་ཕྲུག་སློབ་གྲྭ་ཞིག་ཡོད་ཅིང་། ཏུའུ་ཅུན་རྫོང་དུ་ལས་སྒྱུར་བྱས་མ་ཐག་ཕྲུ་གུ་ཚོའི་བབ་ཆགས་ལ་གྲུང་ཤ་དོད་པའི་མིག་ཟུང་མཐོང་སྐབས་སེམས་འགུལ་ཆེན་པོ་ཐེབས། དེ་ནས་བཟུང་ཁོང་གིས་རྒྱུན་དུ་ཡིག་ཆས་ཉོས་ནས་ཕྲུ་གུ་ཚོར་ལྟ་བར་འགྲོ་གི་ཡོད། ཕྱིས་སུ་ཁོང་གིས་རྫོང་མི་དམངས་དྲག་ཆས་པུའི་དཔོན་དམག་སྒྲིག་འཛུགས་བྱས་ནས“གཅིག་རོགས་གཅིག”གི་མ་དངུལ་ཞལ་འདེབས་བརྒྱབ་ནས་སློབ་གྲྭར་གཏོང་བ་མ་ཟད། སྤྱི་ཚོགས་ཀྱི་ཐོན་ཁུངས་སློབ་གྲྭར་དོ་ཁུར་བྱེད་དགོས་པའི་རེ་འབོད་ཀྱང་བྱས་ཡོད། ད་ཆ་དྭ་ཕྲུག་སློབ་གྲྭ་དེ་ལོ་རིམ་དྲུག་ཡོད་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་ཞག་སྡོད་སློབ་ཆུང་དུ་གྱུར་ཡོད།
     བགྲང་བྱ་དུ་མ་ལས་གནས་བརྟན་སྲུང་བྱས།
     རྫ་སྟོད་རྫོང་གི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ཟིན་པ་དང་ལོ་གཅིག་དུས་བཞིར་སྔོ་ལྗང་གི་ལྗོན་ཤིང་མཐོང་བར་དཀའ།
     ཏུའུ་ཅུན་རྫ་སྟོད་རྫོང་མི་དམངས་དྲག་ཆས་པུའུ་རུ་སླེབས་མ་ཐག་དབུགས་འགག་པ་དང་། དབུགས་རྔུབ་དཀའ་བ། མགོ་ཡུ་འཁོར་བ། གཉིད་མི་ཁུག་པ་སོགས་ལ་དུག་ཕོག་པའི་ནད་རྟགས་མང་པོ་ཐོན་ཡོད། འོན་ཀྱང་ཁོང་གིས་སྤྱོད་ཚུལ་བཟང་པོའི་རྒྱུན་བསྐྱངས་ནས་སྔོན་ཆད་ལྟར་ལས་ལ་གཞོལ། པུའུ་ཀྲང་གི་འགན་ལོ་བརྒྱད་འཁུར་རིང་ལས་དོན་ཚང་མར་གྲུབ་འབྲས་བཟང་པོ་ཐོབ་ཡོད།
     གཞེས་ནིང་ལོའི་དགུན་ཁར་རྫ་སྟོད་རྫོང་དུ་ས་ཡོམ་རིམ་པ་6.2རྒྱག་སྐབས། ཏུའུ་ཅུན་གྱིས་འཕྲལ་མར་ཡུལ་དམག་56གི་སྣེ་ཁྲིད་ནས་གནོད་འཚེ་ཕོག་ཡུལ་ཨ་སྟོད་ཤང་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་ལས་ལ་ཞུགས། ཁོང་ཚོས་བསྟུད་མར་ཉིན་མཚན་གཉིས་འབད་འཐབ་བྱས་པ་བརྒྱུད་གུར་34ཕུབ་པ་དང་། ཉེན་ཡོད་ཁང་པ་73ལ་གྲལ་བཤེར། གནོད་འཚེ་ཕོག་པའི་མང་ཚོགས་262གནས་སྤོས་པ་རེད།
    རྫ་སྟོད་རྫོང་ནི་རྫ་ཆུའི་ཆུ་འགོར་གནས་པ་དང་། དེ་ནི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་ལྟེ་བའི་ཁུལ་རེད། ཏུའུ་ཅུན་གྱིས་ད་དུང་སྣོད་བཅུད་ཡུལ་དམག་སྐོར་སྲུང་རུ་ཁག་བཙུགས་ནས་དུས་བཀག་བཞིན་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་དང་། སྲུང་སྐྱོང་ཁུལ་དུ་སྐོར་སྲུང་། ལྐོག་རྔོན་ལ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ་སྣོད་བཅུད་དོ་སྙོམས་སྲུང་སྐྱོང་ལ་ནུས་པ་ཆེན་པོ་བཏོན་ཡོད།
     སྒེར་སེམས་མེད་པར་ལེགས་སྐྱེས་ཧུར་ཐག་ཕུལ།
    དམག་མིར་ཞུགས་ནས་ལོ་28རིང་ཏུའུ་ཅུན་དང་ནང་མི་ལྷན་འཛོམས་ཉུང་ཉུང་རེད། གཉེན་སྒྲིག་བྱས་ནས་ལོ་21སོང་རིང་བགྲེས་སོང་ལ་བསྙེན་བཀུར་དང་། ཕྲུ་གུར་ལྟ་རྟོག ནང་ལས་ལས་རྒྱུ་སོགས་བྱ་བ་ཆེ་ཆུང་དག་བཟའ་ཟླ་ཀྲང་མེའོ་ཡི་ཕྲག་ཏུ་བབས།
     2016ལོའི་དབྱར་ཁར་ཏུའུ་ཅུན་གྱི་ཨ་མར་སྐྲན་ནད་ཕོག སྐབས་དེ་དུས་སྒྱུར་བཅོས་བྱེད་སྒང་ཡིན་པས་མི་དམངས་དྲག་ཆས་པུའུ་རུ་དཔོན་པོ་ཁོང་ལས་མེད་པས་ལས་གནས་ལས་ཁ་འབྲལ་ཐུབ་མེད། བཟའ་ཟླ་གཅིག་པུས་སྒྱུག་མོ་ཁྲིད་དེ་གཤགས་བཅོས་བྱེད་པ་ལས་མ་འདས། ལོ་ཕྱེད་རྗེས་སུ་ཏུའུ་ཅུན་གྱིས་གཞི་ནས་བྲེལ་འཚུབ་ངང་ཁྱིམ་དུ་ལོག
     ཏུའུ་ཅུན་རང་གི་བུ་ཐེངས་དང་པོ་ཐུག་སྐབས་བུ་སྐྱེས་ནས་ཟླ་བ་གཅིག་སོང་ཡོད། ཐེངས་གཉིས་པ་ཐུག་སྐབས་བུ་གོམ་པ་རྒྱག་འགོ་ཚུགས། མཐོ་རིམ་སློབ་འབྲིང་ནི་ཕྲུ་གུའི་གཤིས་ཀར་འགྱུར་ལྡོག་ཆེན་པོ་འགྲོ་བའི་དུས་མཚམས་ཤིག་ཡིན་པས་དེ་དུས་ལས་བྲེལ་གྱིས་ཁེངས་པའི་ཏུའུ་ཅུན་དང་བུའི་དབར་ཁ་རྩོད་ཡང་སེ་ཤོར་བའི་དབང་གིས་བུའི་སྦྱངས་འབྲས་ཀྱང་ཞན་དུ་ཕྱིན།
     མཐོ་རིམ་སློབ་འབྲིང་གི་ལོ་རིམ་གཉིས་པ་འགྲིམ་པའི་དཔྱིད་གསར་དུས་ཆེན་སྐབས་བུས་རྫ་སྟོད་དུ་ཕ་དང་མཉམ་དུ་དུས་ཆེན་གཏོང་བར་ཡོང་། དེའི་རིང་ཏུའུ་ཅུན་གྱིས་རྒྱུན་གཏན་དང་འདྲ་བར་བཅའ་སྡོད་དཔོན་དམག་དང་ལས་བཟོ་སྒྲིག་འཛུགས་བྱས་ནས་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་མ་ཟད། ཁ་བ་བུ་ཡུག་ལ་མ་འཛེམས་པར་མང་ཚོགས་དབུལ་པོར་འཚམས་འདྲི་བྱེད་པ་སོགས་བྱས། དཀའ་ཚེགས་ཆེ་བའི་ལས་ཀའི་རྒྱུད་རིམ་མཐོང་སྐབས་བུར་སེམས་འགུལ་ཆེན་པོ་ཐེབས། ཁྱིམ་དུ་ལོག་རྗེས་བུར་འགྱུར་ལྡོག་ཆེན་པོ་བྱུང་ནས་གཤིས་ཀ་ཡག་ཏུ་ཕྱིན་པ་མ་ཟད། སློབ་སྦྱོང་བྱེད་སེམས་ཀྱང་ཆེ་རུ་ཕྱིན་ཏེ་མཐར་དམག་དཔུང་སློབ་གླིང་ཞིག་ཏུ་རྒྱུགས་འཕྲོད་པ་རེད།