འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་17ཉིན།

༄༅།།“པར་ཙིར་དང་ཀྲུང་གོའི་གསར་གཏོད་ཀྱི་གླེང་མོལ”ལི་གཡོད་རེ་ནེ་ལུའུ་རུ་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
      ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་གཡོད་རེ་ནེ་ལུའུ་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་13དང་14ཉིན་ལི་གཡོད་རེ་ནེ་ལུའུ་རུ“པར་ཙིར་དང་ཀྲུང་གོའི་གསར་གཏོད་ཀྱི་གླེང་མོལ”ཐེངས་ལྔ་པ་བྱས་ཤིང་། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དཔོན་དང་རིགས་གཅིག་མཁས་ཅན་གྱིས་དེང་སྐབས་ཀྱི་གསར་གཏོད་འཕེལ་རྒྱས་དང་འབྱུང་འགྱུར་གྱི་གནས་སྟངས་དང་དེ་བཞིན་ཇི་ལྟར་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་འགྲན་སློང་ལ་ཁ་གཏད་གཅོག་ལུགས་བཅས་ལ་མཉམ་དུ་གྲོས་བསྡུར་བྱས་པ་རེད།
     གླེང་མོལ་ཚོགས་འདུའི་ཐོག་པར་ཙིར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་གཞུང་ཚབ་ཚན་ཙན་ཆུས་ཡུས་ཧུའེ་ཡིས། ཀྲུང་པ་རྒྱལ་ཁབ་གཉིས་ཀྱི་གསར་གཏོད་མཉམ་ལས་ཡུན་རིང་བས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་གསར་གཏོད་ཀྱི་བྱེད་སྟངས་གསར་པ་ཤིག་མཁོ་འདོན་བྱས་ཡོད། ཀྲུང་པས་ལོ་30ཡི་གོང་འགོ་བརྩམས་པའི་ས་གོ་ལའི་ཐོན་ཁུངས་སྲུང་སྐར་གྱི་མཉམ་ལས་རྣམ་གྲངས་དེ་ད་ཕན་ད་དུང་ལྷོ་ལྷོ་མཉམ་ལས་ཀྱི་དཔེ་སྟོན་ཞིག་ཡིན། ད་ཆ་ཀྲུང་པས་སླར་ཡང་བར་སྣང་གི་གནམ་གཤིས་ཁྱབ་ཁོངས་དང་། ན་སྨི་ཁྱབ་ཁོངས། རྒྱུ་ཆ་གསར་པའི་ཁྱབ་ཁོངས་གཞན་དག་བཅས་སུ་ཚོད་ལྟ་ཧུར་ཐག་བྱས་ནས་གསར་གཏོད་མཉམ་ལས་བྱེད་ཀྱི་ཡོད། ཀྲུང་པས་ད་དུང་ཐོན་ནུས་མཉམ་ལས་ཧུར་ཐག་བྱས་པ་དང་ཟོག་འགྲེམས་དང་འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་སྔར་བས་སྣ་མང་ཅན་གྱི་མཉམ་ལས་བྱེད་ཀྱི་ཡོད། ཀྲུང་པའི་མཉམ་ལས་བྱེད་སྟངས་ལ་གསར་གཏོད་དང་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད་ཅེས་བརྗོད།
     པར་ཙིར་གྱི་པ་ཀྲུང་འབྲེལ་བའི་ཞིབ་འཇུག་ཁང་གི་སུའོ་ཀྲང་དེ་སྔའི་ཀྲུང་གོར་བཅའ་སྡོད་པར་ཙིར་གྱི་གཞུང་ཚབ་ཆེ་མོ་བ་ལའེ་ཨང་གིས། ཀྲུང་གོར་ཚན་རྩལ་གསར་གཏོད་ཀྱི་ཁྱབ་ཁོངས་སུ་མུ་མཐུད་ཚད་བརྒལ་གསར་པ་བྱུང་བ་མ་ཟད། ད་དུང་གསར་གཏོད་བཅོས་སྐྱོང་ཐད་ཉམས་མྱོང་མང་པོ་དཔྱད་གཞིར་འཛིན་རིན་ཡོད། “རྒྱལ་ཁབ་ཀྱི་སྟོབས་ཤུགས་ཇི་ལྟར་སྤྱད་ནས་གསར་གཏོད་དང་ཚན་ཞིབ་ལ་སྐུལ་མ་གཏོང་རྒྱུའི་ཐད་ང་ཚོ་པར་ཙིར་བ་རྣམས་ཀྱིས་ཤེས་རྟོགས་དང་བགྲོ་གླེང་བྱེད་རིན་ཡོད”ཅེས་བཤད།
     གླེང་མོལ་ཚོགས་འདུའི་ཐོག་པར་ཙིར་དུ་ཀྲུང་གོའི་གསར་གཏོད་མ་འཇོག་དང་གྲངས་འཛིན་དཔལ་འབྱོར་སོགས་ཀྱི་གྲོས་དོན་ཕུད་གཞན་ཡང་ཕྱོགས་མང་རིང་ལུགས་ཀྱང་ཚོགས་ཞུགས་རིགས་གཅིག་མཁས་ཅན་གྱིས་བགྲོ་གླེང་བྱེད་པའི་གྲོས་དོན་གཙོ་བོ་ཡིན། ཚོགས་ཞུགས་མི་སྣས། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་ཕྱོགས་མང་རིང་ལུགས་ལ“ཟུངས་ཁྲག་གསར་པ”བསྣན་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་དང་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུ་སོགས་ཀྱི་འདུ་ཤེས་ཀྱིས་དུས་བབ་གསར་པའི་འོག་གི་ཕྱོགས་མང་རིང་ལུགས་ལ“ཀྲུང་གོའི་བློ་གྲོས”ལེགས་སྐྱེས་སུ་ཕུལ་ཡོད་པའི་ངོས་འཛིན་བྱས་པ་རེད།