འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།གངས་ལྗོངས་ས་མཐོའི་སྟེང་གི“ཤྭ་བའི་ལྷ་མོ” 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 14:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཧའོ་མིང་དང་ཀྲའོ་ཅིའུ་ལུང་། 
     བོད་ལྗོངས་ཆབ་མདོ་གྲོང་ཁྱེར་རི་བོ་ཆེ་རྫོང་ཁྲ་མོ་གླིང་ཤང་ཕུག་ཆུང་གྲོང་ཚོའི་རྒྱང་རིང་རི་གཤམ་དུ་ཤྭ་བ་སེར་ཆེན་བརྒྱ་ལྷག་ཙམ་བག་ཕེབས་ངང་འཚོ་སྡོད་བྱེད་བཞིན་ཡོད།
     རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སྟེ། ཤྭ་བ་གསོ་ཚགས་ར་བར་ལོ་63ལ་སླེབས་པའི་བོད་རིགས་ཀྱི་ཨ་མ་བྱང་ཆུབ་ལྷ་མོས་སྐད་ཅིག་བརྒྱབ་པ་དང་སྦྲགས་ཤྭ་བ་སེར་ཆེན་བཅུ་ལྷག་ཙམ་བྱང་ཆུབ་ལྷ་མོའི་འགྲམ་དུ་འཁོར། ཁོང་གིས“ག་ལེར་ཟོ་ཞིག ཧབ་ཐོབ་མ་རྒྱག”ཅེས་བརྗོད་བཞིན་ཤྭ་བ་སེར་ཆེན་ལ་ཉུང་མ་དང་ཚྭ་སྟེར།
     བྱང་ཆུབ་ལྷ་མོ་ལོ་བཅོ་ལྔ་ཡི་སྐབས། རི་སྟེང་དུ་ཕྱུགས་འཚོ་བཞིན་ཡོད་པའི་གྲོང་མིའི་ས་ནས་སྐྱེས་ནས་ཡུན་རིང་མ་སོང་བའི་ཁར་ཨ་མ་མེད་པའི་ཤྭ་ཕྲུག་གསུམ་གསོས་པ་དང་། དུས་དེ་ནས་བཟུང་ཤྭ་བ་སེར་ཆེན་དང་འགྲོགས་བསྐལ་བྱུང་བ་རེད། བྱང་ཆུབ་ལྷ་མོར་ཡང་ས་ཆ་དེ་གའི་མང་ཚོགས་ཀྱིས“ཤྭ་བའི་ལྷ་མོ”ཞེས་འབོད་ཀྱི་ཡོད།
     བོད་ཀྱི་ཤྭ་བ་སེར་ཆེན་ནི་ཀྲུང་གོའི་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་པ་དང་། 《སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཚོང་དོན་སྤྱི་ཆིངས》ཀྱི་སྲུང་སྐྱོང་ཐོབ་ཡོད་པ་དང་རྒྱལ་སྤྱིའི་ཐོག སྐབས་ཤིག་རིང་བོད་ཀྱི་ཤྭ་བ་སེར་ཆེན་སྟོངས་ཟིན་པའི་ངོས་འཛིན་བྱས་པ་རེད།
     དང་ཐོག་མར་ཤྭ་བ་སེར་ཆེན་དང་འབྲེལ་འདྲིས་བྱེད་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། བྱང་ཆུབ་ལྷ་མོས་སྔོན་མ་གྲོང་མིས་ཁྱུ་དང་ཁ་བྲལ་བའི་ཤྭ་ཕྲུག་མང་པོ་འཕྲད་སྐབས་ང་རང་ལ་གསོ་རྒྱུར་རྩིས་སྤྲོད་ཀྱི་ཡོད། ཤྭ་ཕྲུག་ཆུང་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་ཆེད། རང་ཁྱིམ་གྱི་རྩྭ་རར་ལྟོ་སྟེར་བ་ཕུད། ད་དུང་རང་ཉིད་ཀྱི་བཟའ་འབྲུའི་ནང་ནས་རྩམ་པ་དང་། ཚྭ། ཉུང་མ་སོགས་སྟེར་དགོས་ཀྱི་ཡོད་ཅེས་བཤད། ཤྭ་ཕྲུག་ཆེན་པོ་ཆགས་རྗེས་བྱང་ཆུབ་ལྷ་མོས་དེ་དག་རང་བྱུང་ཁམས་སུ་ཕྱིར་སློག་གི་ཡོད། ལོ་ཕྱི་མའི་དགུན་ཁར་ཤྭ་བ་སེར་ཆེན་དེ་དག་གིས་རང་འགུལ་ངང་དེ་སྔོན་ཁོང་ཚོར་གཟན་རྩྭ་སྟེར་སའི་འབྲོག་ར་དེར་ལོག་ཡོང་བ་མ་ཟད། ད་དུང་ཤྭ་བ་མང་པོ་མཉམ་དུ་འཁྲིད་ཡོང་གི་ཡོད། དེ་ལྟར་རིམ་བཞིན་བྱང་ཆུབ་ལྷ་མོའི་འབྲོག་ར་དེ་ཤྭ་བ་སེར་ཆེན་དགུན་སྒྲོལ་བྱེད་པའི་འདུ་གནས་སུ་གྱུར་པ་རེད།
    1975ལོར། བྱང་ཆུབ་ལྷ་མོའི་འབྲོག་རས་ལྟེ་བའི་ས་ཁོངས་སུ་བྱས་པའི་ཁྲ་མོ་གླིང་ཤང་གི་ཤྭ་བ་སེར་ཆེན་གསོ་ཚགས་ར་བ་བཙུགས་པ་དང་། བྱང་ཆུབ་ལྷ་མོ་དོ་དམ་མི་སྣ་ཞིག་ལ་གྱུར་བ་ནས་བཟུང་སེམས་ནུས་ཡོད་རྒུས་ཤྭ་བ་སེར་ཆེན་ལ་ལྟ་སྐྱོང་བྱས་པ་རེད།
    1988ལོར། བོད་ཀྱི་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྟོག་ཞིབ་རུ་ཁག་གིས་རི་བོ་ཆེ་རྫོང་གི་ནུབ་རྒྱུད་དུ་ཤྭ་བ་སེར་ཆེན་གྱི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་དང་། 2005ལོའི་ཟླ་7པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་རི་བོ་ཆེའི་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དངོས་སུ་འཛུགས་རྒྱུའི་ཆོག་མཆན་སྤྲད་པ་རེད།
     2016ལོར་བྱང་ཆུབ་ལྷ་མོ་དོ་དམ་མི་སྣའི་ལས་གནས་ནས་རྒན་ཡོལ་ཞུས་རྗེས། ཁོང་གིས་ད་དུང་རྟག་ཏུ་ཤྭ་བ་སེར་ཆེན་གསོ་ཚགས་བྱ་ཡུལ་དུ་ཡོང་ནས། ཁོང་དང་མི་ཚེ་ཕྱེད་ཀ་ལྷག་ཙམ་འགྲོགས་པའི་ས་མཐོའི་ཤྭ་བ་སེར་ཆེན་ལ་ལྟ་བར་ཡོང་གི་ཡོད། བྱང་ཆུབ་ལྷ་མོའི་བཟའ་ཟླ་དང་བུ་གཉིས་པོ་ནི་ད་དུང་ཡང་དོ་དམ་མི་སྣའི་ལས་གནས་ཐོག་བརྟན་སྲུང་བྱས་ནས་མུ་མཐུད་ཤྭ་བ་ལ་སྲུང་སྐྱོང་བྱེད་ཀྱི་ཡོད།
     2017ལོའི་ལོ་མཇུག་བར་བོད་ལྗོངས་རི་བོ་ཆེ་ཤྭ་བ་སེར་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བདག་ཏུ་མ་བཟུང་བའི་ཤྭ་བ་སེར་ཆེན་8000ལྷག་ཙམ་ཡོད་པ་དེ་2005ལོ་དང་བསྡུར་ན་60%འཕར་ཡོད་པ་རེད།