འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།མོང་ནེ་ལྕགས་ལམ་གྱིས་ཁེན་ནི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། 

ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལུའེ་ཆང་། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:30】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁེན་ནི་ཡའི་མོང་པ་ས་ནས་ནེ་རོ་པི་བར་གྱི་ཚད་ལྡན་ལྕགས་ལམ་2017ལོའི་ཟླ་6ཚེས་1ཉིན་འགྲུལ་སྐྱེལ་ལམ་ཐིག་དངོས་སུ་ཤར་གཏོང་ཐུབ་ཚུན་བདེ་འཇགས་ངང་སྤྱི་ལེ་ཁྲི་84.6འཁོར་རྒྱུག་བྱས་ཡོད། འདི་ལོའི་ཟླ་11པར་སླེབས་སྐབས་། མོང་ནེ་ལྕགས་ལམ་གྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་200ལས་བརྒལ་ཡོད། ཁེན་ནི་ཡ་བས“དུས་རབས་ཀྱི་ལས་གྲྭ”ཞེས་བརྗོད་པའི་ལྕགས་ལམ་དེས་དམངས་ཚོགས་ཀྱི་ཕྱིར་སྐྱོད་བྱེད་སྟངས་ལ་འགྱུར་བ་བཏང་བ་མ་ཟད། རྒྱལ་ཁབ་དེའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། མོང་ནེ་ལྕགས་ལམ་2017ལོའི་ཟླ་6ཚེས་1ཉིན་འཁོར་རྒྱུག་བྱས་ཚུན་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་1762གཏོང་འགོ་ཚུགས་པ་དེ་དེ་སྔའི་འཆར་འགོད་ལས་ཟླ་བ་10སྔ་སྣུར་དུ་འགྲུལ་པ་མི་ཐེངས་ཁྲི་200སྐྱེལ་འདྲེན་བྱེད་པའི་དམིགས་ཚད་ལེགས་གྲུབ་ཐུབ་པ་དེ་ནེ་རོ་པིའི་མི་འབོར་ཁྲི་350ཡི་ནང་མི་7རེའི་ཁྲོད་མི་4མོང་ནེ་ལྕགས་ལམ་གྱི་འགྲུལ་སྐྱེལ་མེ་འཁོར་སྡོད་མྱོང་ཡོད་པ་དང་མཚུངས་ཀྱི་ཡོད།
         ཁེན་ནི་ཡ་ལྕགས་ལམ་ཅུས་ཀྱི་ཏུང་ཧྲི་ཀྲང་ཝ་ཝེ་རུའུ་ཡིས“ཉིན་ལྟར་ང་ཚོས་འགྲུལ་པར་སྤུས་ལེགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། དེང་གི་ཁེན་ནི་ཡར་སྐྱེལ་འདྲེན་བྱ་ཐབས་ཡག་ཤོས་སུ་གྱུར་པའི་མོང་ནེ་ལྕགས་ལམ་གྱི་འགྲུལ་སྐྱེལ་ཞབས་ཞུ་དེ་མགྱོགས་མྱུར་དར་ཁྱབ་འགྲོ་བཞིན་ཡོད་ཅེས་ང་ཚོས་གདེང་ཚོད་ཆེན་པོས་ཤོད་ཆོག”ཅེས་བཤད།
        ཉེ་ཆར། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གྱི་གསར་འགྱུར་དྲ་བའི་ཡུལ་སྐོར་འཕྲིན་ལམ་གྱིས་ཁེན་ནི་ཡའི་ཡུལ་སྐོར་ཐད་དམིགས་བསལ་འཕྲིན་སྤེལ་དུས་ཐེངས་ཤིག་གཏོང་སྤེལ་བྱས་ཏེ་ཨ་རིའི་ཡུལ་སྐོར་བར་ཁེན་ནི་ཡར་བྱེད་རིན་ཡོད་པའི་བྱ་བ་20མཚམས་སྦྱོར་བྱས་པའི་ནང“མོང་ནེ་ལྕགས་ལམ་གྱི་མེ་འཁོར་སྡོད་རྒྱུ”དེ་མིང་གྲལ་གྱི་ཨང་ལྔ་པ་ཡིན་པ་རེད། ཁེན་ནི་ཡའི་ཡུལ་སྐོར་པུའི་པུའུ་ཀྲང་པཱ་ལ་ལ་ཡིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཁེན་ནི་ཡའི་ཡུལ་སྐོར་ལས་རིགས་དེ་ཉིད་ཕན་པ་ཐོབ་ཆེ་ཤོས་ཀྱི་ལས་རིགས་ཀྱི་གྲས་སུ་འགྱུར་རྒྱུ་རེད། མོང་ནེ་ལྕགས་ལམ་ལམ་རྒྱུད་དུ་ཡུལ་སྐོར་མཛེས་ལྗོངས་མང་པོ་ཡོད་པས་འགྲུལ་པས་མེ་འཁོར་ཐོག་ནས་ལམ་རྒྱུད་ཀྱི་གདོད་མའི་སྣོད་བཅུད་མཛེས་ལྗོངས་ལ་ལྟ་ཐུབ་ཅེས་བཤད་པ་རེད།
         འགྲུལ་སྐྱེལ་ཞབས་ཞུ་འཐུས་སྒོ་ཚང་དུ་ཕྱིན་པ་ཕུད། ཟོག་འདྲེན་གྱིས་ཀྱང་ཡུལ་དེར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བསྐྲུན་ཡོད། ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་ཁེན་ནི་ཡའི་ཚད་ལྡན་ལྕགས་ལམ་རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་པུའི་ལག་བསྟར་སྤྱི་ཁྱབ་ཅིང་ལི་རེན་ཝུན་ཧྥུང་གིས་མོང་ནེ་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་རྗེས་དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཚོད་ཐུང་དུ་ཕྱིན་ནས་ཟོག་འགྲེམས་ཀྱི་མ་གནས་40%ལྷག་ཙམ་ཆག་ཡོད། ལྕགས་ལམ་བསྐྲུན་པ་དེས་ཁེན་ནི་ཡའི་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་1.5%ནས་2%བར་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་དེ་བས་གལ་འགངས་ཆེ་བ་ནི་ལྕགས་ལམ་བརྒྱུད་གྲུ་ཁ་ཚུད་པའི་ཐོན་ལས་འཁོར་འབྲེལ་ཚང་མ་འཕེལ་རྒྱས་སོང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        ཁེན་ནི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ལི་ཤུན་ཧང་གིས་མོང་ནེ་ལྕགས་ལམ་འཁོར་རྒྱུག་བྱས་ནས་ཟླ་བ་17སོང་ཚུན་འགྲུལ་པ་མི་ཐེངས་ཁྲི་200སྐྱེལ་འདྲེན་བྱས་པར་དོན་སྙིང་གལ་ཆེན་ལྡན་ཡོད། “འདི་ནི་ཉེ་བའི་ལོ་ཤས་རིང་ཀྲུང་གོའི་ལྕགས་ལམ་གཉེར་སྐྱོང་ཚོགས་པས་ཕྱི་རྒྱལ་དུ་བདེ་འཇགས་དང་། བདེ་བླག ནུས་ཆེ། གྲུབ་འབྲས་ཐོབ་པ་བཅས་ཀྱི་སྒོ་ནས་འགྲུལ་པ་མི་ཐེངས་ཁྲི་200སྐྱེལ་འདྲེན་བྱེད་ཐེངས་དང་པོ་ཡིན་ལ་ཚད་ལྡན་དོས་སྒམ་ཁྲི་20སྐྱེལ་འདྲེན་བྱས་ཡོད། དེ་ལས་ཀྲུང་གོའི་ཚད་གཞི་དང་། ཀྲུང་གོའི་ལག་རྩལ། ཀྲུང་གོའི་དོ་དམ་ཉམས་མྱོང་བཅས་ཕྱིར་སྐྱོད་པའི་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་མཚོན་པ་དང་གྲུབ་འབྲས་དེ་ནི‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་ཁྲོད་ཀྱི་ཀྲུང་ཁེན་མཉམ་ལས་ཀྱི་འགོ་བརྩམས་པ་ཙམ་ཡིན། འགྲུལ་པ་མི་ཐེངས་ཁྲི་200ཡིས་ཁེན་ནི་ཡའི་རྒྱལ་ཡོངས་མི་འབོར་གྱི་5%བཟུང་ཡོད་མོད། འོན་ཀྱང་དེ་ནི་ཀྲུང་ཁེན་མཉམ་ལས་ཀྱི་མོང་ནེ་ལྕགས་ལམ་གཉེར་སྐྱོང་གི་འགོ་ཡག་པོ་ཞིག་བཙུགས་པ་ཙམ་རེད། འབྱུང་འགྱུར་ང་ཚོས་ད་དུང་འགྲུལ་པ་མི་ཐེངས་ཁྲི་500དང་། ཁྲི་1000 དུང་ཕྱུར་1བཅས་བསུ་རྒྱུ་རེད”ཅེས་བཤད་པ་རེད།