འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་16ཉིན།

༄༅།།འཇར་མན་གྱི་ཚོང་དོན་དཔོན་རིཌ་ཀྱིས་ཀྲུང་གོའི་ཁེ་ལས་འཇར་མན་དུ་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཚོང་དོན་དང་མ་འཇོག་ཧྲུའུ་ཡི་སྤྱི་ཁྱབ་ཅིང་ལི་ཡུར་ཀེན་·ཕུ་ལི་ཏེ་ལི་ཤིས་ཀྲུང་གོའི་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་དང་ཐུགས་འཕྲད་བྱེད་སྐབས་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་དུ་མ་འཇོག་བྱས་ནས་གཉིས་ཁེའི་རྣམ་པ་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྐྱར་བཤད་བྱས་པ་རེད།
          ཕུ་ལི་ཏེ་ལི་ཤིས་འཚམས་འདྲིར་ཕེབས་པའི་ཀྲུང་གོའི་ཁེ་ལས་མཁས་ཅན་སྤྲོ་སྐྱིད་པུའི་ཁོངས་མི་དང་ཁེ་ལས་ཀྱི་འཐུས་མི་བཅུ་ཕྲག་ལ་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་གྱིས་ཕྱི་ཕྱོགས་མ་རྩར་དམིགས་པའི་སྲིད་ཇུས་ལ་གོ་ནོར་མི་ཐེབས་པའི་རེ་བ་ཡོད་ལ། འཇར་མན་གྱིས་ཀྲུང་གོའི་རྣམ་པ་སྣ་ཚོགས་ཀྱི་མ་འཇོག་ལ་དགའ་བསུ་ཞུ་རྒྱུའི་ནང་རྐང་དབང་མ་འཇོག་དང་། ལག་རྩལ། ཐོན་རྫས་བཅས་ཀྱི་མཉམ་ལས་སོགས་ཚུད་ཡོད་ཅེས་བརྗོད་པ་རེད།
        ཁོང་གིས་མིག་སྔར་འཇར་མན་དུ་མ་འཇོག་བྱས་པའི་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་གྱི་མཉམ་ལས་རོགས་ཟླའི་དོ་དམ་རིག་གནས་དང་། མ་འཇོག་འགན་ལེན་བྱེད་པའི་རྒྱུན་མཐུད་རང་བཞིན་དང་གསར་གཏོད་ནུས་པར་སྲུང་སྐྱོང་བྱེད་པ་དང་། ཕྱོགས་གཉིས་པོའི་ཁེ་ལས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་ཉམས་མྱོང་ཆེན་པོ་ལྡན་ཡོད་ཅེས་བརྗོད་པ་རེད།
         འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཚོང་དོན་དང་མ་འཇོག་ཧྲུའུ་ཡི་གྲངས་གཞིར་གཞིགས་ན། ཀྲུང་གོས་འཇར་མན་དུ་མ་འཇོག་བྱས་པའི་ཁེ་ལས་གྲངས་འབོར་རྒྱུན་མཐུད་ངང་མང་དུ་འགྲོ་བ་དང་མ་འཇོག་རྣམ་གྲངས་ཀྱང་ལོ་བསྟུད་མར་འཕར་ནས་མང་དུ་འགྲོ་གི་ཡོད་པས་འཇར་མན་གྱི་གལ་ཆེའི་མ་འཇོག་ཡོང་ཁུངས་ས་ཁུལ་གྲས་སུ་གྱུར་ཡོད།
        ཀྲུང་གོའི་ཁེ་ལས་མཁས་ཅན་སྤྲོ་སྐྱིད་པུའི་དྲུང་ཆེ་ཁྲེང་ཧུང་གིས“གལ་སྲིད་ཀྲུང་གོའི་རྐང་དབང་གི་མ་འཇོག་མེད་ཚེ་འཇར་མན་གྱི་ཁེ་ལས་འབོར་ཆེན་དེ་ལྟ་བུ་ཀྲུང་གོའི་ཁྲོམ་རར་ཞུགས་པའི་གོ་སྐབས་ཐོབ་ཧ་ཅང་ཁག་པོ་ཡོད” ཅེས་བརྗོད། ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་དུ་མ་འཇོག་བྱེད་རྒྱུར་དགའ་བསུ་ཞུ་བ་ཕུད། ཕུ་ལི་ཏེ་ལི་ཤིས་ད་དུང་འཇར་མན་གྱི་ཁེ་ལས་དང་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཧྥེ་རི་ཁར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གསུམ་པའི་ཁྲོམ་ར་མཉམ་དུ་གཏོད་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།