འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།དུས་རབས་དང་བསྟུན་ནས་སློབ་གསོར་འདུ་ཤེས་ཡང་དག་པ་འཆང་དགོས།

བོད་ཀྱི་གཞི་རིམ་སློབ་གསོའི་ལས་སྒྲུབ་པ་ཕུར་བུ་དར་རྒྱས་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
གཞི་རིམ་སློབ་གྲྭར་བོད་སྐད་ཡིག་སློབ་ཁྲིད་གནང་བཞིན་པ།
གཞི་རིམ་སློབ་གྲྭར་བོད་སྐད་ཡིག་སློབ་ཁྲིད་གནང་བཞིན་པ།
         ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་སྐལ་བཟང་གི་དུས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་ངོ་40རིང་བོད་ཀྱི་རིག་གནས་དང་སློབ་གསོ། གསོ་རིག  དཔལ་འབྱོར་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། མི་དམངས་དྲ་བའི་གསར་འགོད་པས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་གཞིས་རྩེར་བཅར་འདྲིར་བསྐྱོད་པ་ཡིན།
         ཕུར་བུ་དར་རྒྱས་ལགས་ནི་1978ལོར་གཞིས་རྩེའི་མྱང་ཆུ་གཙང་པོའི་སྟོད་རྒྱུད་དུ་ཆགས་པའི་ཁང་དམར་རྫོང་ཁོངས་ཀྱི་ཆུ་བཟང་ཞེས་པའི་རི་གྲོང་ཆུང་ངུ་ཞིག་ཏུ་སྐྱེས་ཤིང་། ཆུང་ངུའི་དུས་ནས་རང་མི་རིགས་ཀྱི་སྐད་ཡིག་གི་ལམ་ནས་ཐོན་པའི་རྩོམ་ཡིག་སྣ་ཚོགས་འབྲི་ཀློག་བྱེད་པར་ཤིན་ཏུ་དགའ་པོ་ཡོད། 1997ལོར་གཞིས་རྩེ་གྲོང་ཁྱེར་དགེ་འོས་སློབ་གྲྭར་སློབ་གཉེར་བྱེད་པའི་སྐལ་བཟང་ཐོབ་ཅིང་། དེའི་རིང་དགེ་བའི་བཤེས་གཉེན་ཆེན་མོ་གཉེར་ཟུར་སྡིངས་ཆེན་དངོས་གྲུབ་མཆོག་གི་སྐུ་མདུན་ནས་རྩོམ་པའི་གཞུང་ལུགས་ལ་སློབ་སྦྱོང་བྱས་པ་དང་སྦྲགས། རྩོམ་འབྲིའི་ལག་ལེན་དངོས་ལ་འཇུག་འགོ་བརྩམས། སློབ་མཐར་ཕྱིན་རྗེས། རྣམ་གླིང་རྫོང་དང་ཧྲན་ཏུང་ཞིང་ཆེན་གྱི་ཅི་ནན་བོད་ལྗོངས་སློབ་འབྲིང་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ལོ་བདུན་ཙམ་གནང་ཡོད། 2008ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞིའི་སློབ་ཐོན་དཔང་ཡིག་བླངས་གནང་ཡོད།        
         སྔ་རྗེས་སུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྤང་རྒྱན་མེ་ཏོག》《སྦྲང་ཆར》《ཀྲུང་གོའི་བོད་ལྗོངས》《བོད་ལྗོངས་ཞིབ་འཇུག》《པོ་ཏ་ལ》《བོད་ལྗོངས་སློབ་གསོ》《གཞིས་རྩེའི་སློབ་གསོ》 《བོད་ལྗོངས་ཉིན་རེའི་ཚགས་པར》སོགས་དུས་དེབ་དང་ཚགས་པར་གྱི་ཐོག་ཏུ་བརྩམས་སྒྲུང་གཙོར་བྱས་པའི་རྩོམ་སྣ་འདྲ་མིན་གྱི་རྩོམ་ཡིག་མང་དུ་སྤེལ་གནང་མྱོང་ཡོད་ལ། དེ་དག་ལས་ཁོང་གི་བརྩམས་སྒྲུང་ཐོག་མ་སྟེ། སྒྲུང་འབྲིང《དྭངས་གཙང་ལྷད་མེད་ཀྱི་བརྩེ་དུང》ཞེས་པར་སྐབས་བཞི་པའི་བོད་ཀྱི"དུས་རབས་གསར་པའི་རྩོམ་རིག་བྱ་དགའ"དང་།  སྐབས་ལྔ་པའི"ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ། " གཞིས་རྩེ་གྲོང་ཁྱེར་གྱི"ཡར་ཀླུང་གཙང་པོའི་རྩོམ་རིག་སྒྱུ་རྩལ་གྱི་བྱ་དགའ"སོགས་ཐོབ་ཡོད།         
         ཁོང་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་གཞི་རིམ་སློབ་གསོའི་ལས་སྒྲུབ་པ་ཞིག་ཡིན་ཞིང་། སློབ་གསོའི་བྱ་བར་ཞུགས་པ་ནས་བཟུང་། རྒན་ལགས་ཁོང་གིས་གཙོ་བོ་གཞི་རིམ་སློབ་གསོའི་བྱ་བ་བསྒྲུབས་ཏེ་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་སློབ་ཁྲིད་ཐད་ལ་དཀའ་ལས་མང་པོ་བསྐྱོན་ཡོད། ད་ལྟ་རྒན་ཁོང་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སློབ་གསོ་ཅུས་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་གི་བོད་སྐད་ཡིག་གི་སློབ་དཔྱོད་པ་དང་། 《གཞིས་རྩེའི་སློབ་གསོ》བོད་ཡིག་དཔར་མའི་དུས་དེབ་ཀྱི་གཙོ་སྒྲིག་པ། བོད་རང་སྐྱོང་ལྗོངས་རིམ་པའི་དགེ་རྒན་ཟབ་སྦྱོང་གི་རིགས་གཅིག་མཁས་དབང་གི་ཁོངས་མི། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། གཞིས་རྩེ་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་བཞིན་ཡོད།        
        ཕུར་བུ་དར་རྒྱས་ལགས་ཀྱིས། སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་བོད་ཀྱི་གཞི་རིམ་སློབ་གསོའི་ཐད་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་དེ། གཅིག་ནི་སློབ་སྦྱོང་བྱེད་སའི་ཁོར་ཡུག་ཡག་ཏུ་ཕྱིན་ཡོད་པ་དང་། གཉིས་ནི་སློབ་མའི་གྲངས་འབོར་མང་དུ་ཕྱིན་ཡོད་པ། གསུམ་ནི་སློབ་གྲྭའི་སྒྲིག་ཆས་དེང་རབས་ཅན་དང་འཐུས་ཚང་དུ་ཕྱིན་ཡོད་པ། བཞི་ནི་སློབ་མའི་འཚོ་བ་ཕུན་སུམ་ཇེ་ཚོགས་དང་འཚོ་བཅུད་ལྡན་པར་ཕྱིན་ཡོད་པ། ལྔ་ནི་དགེ་རྒན་དཔུང་ཁག་གི་འཛུགས་སྐྱོང་ལ་ལེགས་བཅོས་བྱུང་བ་བཅས་ཀྱི་ཐད་ནས་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད་ཅེས་གསུངས།         
       ཕུར་བུ་དར་རྒྱས་ལགས་ཀྱིས། གཞི་རིམ་སློབ་གསོའི་ལས་སྒྲུབ་པ་ཞིག་གི་ངོས་ནས་བརྗོད་ན། དགེ་རྒན་དང་ཁྱིམ་བདག་གིས་སློབ་གསོར་འདུ་ཤེས་ཡང་དག་པ་འཆང་དགོས་ཏེ། སློབ་པ་ནི་སློབ་གསོའི་རྒྱུད་རིམ་དང་ཐབས་ཤེས་ཤིག་ཡིན་པ་དང་། གསོ་བ་ནི་མཐར་ཐུག་གི་དམིགས་ཡུལ་ཏེ་མི་ཡག་པོ་ཞིག་གསོ་སྐྱོང་བྱ་དགོས་པ་དེ་རེད། དེར་བརྟེན་ཡིག་ཚད་ཀྱི་སྐར་གྲངས་ཁོ་ན་ཙམ་མ་ཟད་མི་ཡག་པོ་ཞིག་གསོ་སྐྱོང་བྱེད་པའི་ཐད་འབད་བརྩོན་བྱེད་དགོས་པ་དང་། སློབ་གསོ་ནི་སློབ་གྲྭའི་ནང་ཁོ་ན་མ་ཡིན་པར་ཁྱིམ་ཚང་སློབ་གསོ་ཡང་གལ་ཆེ་བས། ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་སློབ་གསོར་འདུ་ཤེས་ཡང་དག་པ་འཆང་དགོས་ཞེས་གསུངས།