འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།ཞིང་ལས་དངོས་མང་སྟོན་ཚོགས་ཐོག་གི་རྣམ་པ་གསར་པ། 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཞུང་དབྱིན་གྱིས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཉོ་སྒྲུབ་ཚོང་པས་མཉམ་འབྲེལ་བྱེད་པ་དར་སྲོལ་དུ་གྱུར་པ།
         “ད་རེས་ཚོད་ལྟ་བྱེད་པ་ཙམ་ཡིན་ཡང་ཕན་འབྲས་འདི་ལྟ་བུ་ཐོན་རྒྱུ་ཡིན་པ་བསམ་པའི་ཡུལ་དུའང་འཁོར་མ་བྱུང”ཞེས་ཉེ་དུས་འཚོགས་པའི་ཀོང་ཏུང་གི་དེང་རབས་ཞིང་ལས་དངོས་མང་སྟོན་ཚོགས་སྐབས་དགུ་པའི་ཐོག་ཁྲེང་ཅ་པིང་གིས་ཉོ་སྒྲུབ་ཚོང་པའི་མཉམ་འབྲེལ་བརྒྱུད་རང་ཉིད་ཀྱི་ཚོང་ཤག་ཇེ་མང་དུ་སོང་ཚུལ་སྐོར་བཤད།
          སྲོལ་རྒྱུན་གྱི་ཞིང་ལས་ཐོན་ཟོག་དང་ཞིང་འཕྲུལ་སྒྲིག་ཆས་སོགས་འགྲེམས་སྟོན་བྱ་རྒྱུ་གཙོ་བོར་བྱེད་པ་ནས་ཉོ་སྒྲུབ་ཚོང་པ་དང་མནའ་འབྲེལ་བྱས་ནས་རང་རྟོགས་ངང་ཚོང་གི་གོ་སྐབས་འཚོལ་བ་དང་། གཏན་འཁེལ་བའི་ཞིང་ལས་འདེབས་འཛུགས་དང་ཐ་ན་ཁྱིམ་ཚང་གི་ཟས་རིགས་བཟོ་བ་སོགས་ཀྱི་བར་འཕེལ་རྒྱས་སོང་ཞིང་། གསར་འགོད་པས་བཅར་འདྲི་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་དང་ཞིང་ལས་དེང་རབས་ཅན་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག ཞིང་ལས་དངོས་མང་སྟོན་ཚོགས་ཀྱི་ནང་དོན་ཡང་ཕུན་སུམ་ཇེ་ཚོགས་སུ་གྱུར་ནས་མཐོང་སྣང་གསར་པ་མང་པོ་མངོན་ཡོད།
         ཁྲེང་ཅ་པིང་ནི་ཚ་ལུ་མ་འདེབས་མཁན་ཀོང་ཤིས་བ་ཞིག་ཡིན་པ་དང་། ཟླ་བ་གཅིག་ཙམ་རྗེས་ཁོང་གིས་བཏབ་པའི་ཚ་ལུ་མ་རྒྱ་མ་ཁྲི་500ཙམ་ཁྲོམ་རར་འདོན་གྲབས་ཡོད་པས་ཚོང་ལམ་གཏོད་རྒྱུ་དེ་ཁ་ཚ་དགོས་གཏུགས་སུ་གྱུར། “སྔོན་མ་སྡེབ་ཚོང་ཁྲོམ་ར་དང་སྒོ་རྩིས་ཚོང་ཁང་ལ་བཙོང་གི་ཡོད་པས་བྲིན་ཁ་མི་རྒྱུག་པར་ལུས་པའི་གནས་ཚུལ་ཡང་ཡང་ཐོན་པར་བརྟེན་ང་ཚོས་གང་ལྟར་ཚོང་གི་གོ་སྐབས་བྱུང་ཚེ་དམ་འཛིན་བྱེད་ཀྱི་ཡོད”ཅེས་འགྲེམས་ཚོགས་ལ་ཐེངས་མང་ཞུགས་མྱོང་བའི་ཁྲེང་ཅ་པིང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་ད་རེས་ཞིང་ལས་དངོས་མང་སྟོན་ཚོགས་འགོ་ཚུགས་པའི་ཉིན་མོར་ཉོ་སྒྲུབ་ཚོང་པ་དང་མནའ་འབྲེལ་བྱས་ནས་ཧྲང་ཧའེ་ཡི་ཁེ་ལས་ཤིག་དང་མཉམ་ལས་འདོད་མཐུན་འཇོག་ཐུབ་སོང་ཞེས་བཤད།
        ཁྲེང་ཅ་པིང་གིས་བཤད་པའི་ཉོ་སྒྲུབ་ཚོང་པའི་མནའ་འབྲེལ་ཞེས་པ་ནི་རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་དང་། བཟའ་བཏུང་མུ་འབྲེལ་ཟ་ཁང་། དྲ་ཐོག་ཚོང་དོན་ཆེ་མོ་སོགས་ཀྱི་ཁེ་ལས་100ལྷག་གིས་རང་མོས་ངང་སྒྲིག་འཛུགས་བྱས་པའི་ཞིང་ལས་དངོས་མང་སྟོན་ཚོགས་ཀྱི་ཉོ་སྒྲུབ་ཚོགས་པ་ཞིག་ལ་ཟེར་གི་ཡོད།
        ཉོ་སྒྲུབ་ཚོང་པའི་མནའ་འབྲེལ་ཞིང་ལས་དངོས་མང་སྟོན་ཚོགས་ལ་ཐོག་མར་ཞུགས་པར་ཀུན་གྱི་དགའ་བསུ་ཐོབ་ནས་ཉོ་སྒྲུབ་ཚོང་པ་མི་ཉུང་བས་དེར་ཚོང་ཟོག་གི་བྲིན་ལམ་རྙེད་པ་མ་ཟད། ཐོན་སྐྱེད་བྱེད་མཁན་ཚོང་པ་མང་པོར་ཉོ་སྒྲུབ་བྱེད་མཁན་ཚན་པ་དང་སྦྲེལ་མཐུད་ཀྱང་ཐུབ་པར་བྱུང་ཡོད།
        གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཞིང་ལས་དངོས་མང་སྟོན་ཚོགས་ཀྱིས་ཉོ་སྒྲུབ་ཚོང་པའི་མནའ་འབྲེལ་ལས་སྟེགས་བརྒྱུད་སྒོར་དུང་ཕྱུར་10ལྷག་ཟིན་པའི་འདོད་མཐུན་མཉམ་ལས་བྱ་རྒྱུ་བྱུང་ཡོད་པ་རེད།
        བཟའ་འདོད་པ་སྔོན་མངགས་ཀྱི་ཉོ་ཚོང་དོ་འཁུར་བྱ་ཡུལ་དུ་གྱུར་པ།
        “དྲ་སྦྲེལ་དང་སྔོན་མངགས་ཀྱི་ཞིང་ལས་འདེབས་འཇུག་ཟུང་དུ་སྦྲེལ་རྒྱུ”དེ་ད་ཆའི་ཞིང་ལས་ཁྱབ་ཁོངས་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་ལ་ད་རེས་ཀྱི་ཞིང་ལས་དངོས་མང་སྟོན་ཚོགས་ཐོག་ནས་ཀྱང་ར་སྤྲོད་ཐུབ་ཡོད།
         ཞིང་ལས་གསར་གཏོད་ཁང་གི་ཁེ་ལས་ཤིག་གིས་ལྟད་མོ་བ་མང་པོའི་ཡིད་དབང་བཀུག་ཅིང་། “ང་ཚོས་སྔོན་མངགས་ཀྱི་ཞིང་ལས་འདེབས་པའི་ལས་ཀ་གཙོ་བོར་བྱེད་ཀྱི་ཡོད། དེ་ནི་སྔོན་མངགས་ག་རེ་བྱས་ཀྱང་གཞི་ནས་དེ་འདེབས་འཛུགས་བྱེད་ཀྱི་ཡོད”ཅེས་ཧྲེན་ཀྲེན་ཏན་ཁྲོའུ་དྲ་ཚིགས་ཀྱི་ས་གནས་ས་ཐོག་གི་འགན་འཁུར་བ་ཁྲེང་ཆན་གྱིས་བཤད་ཅིང་། ཁོང་གིས་སྔོན་ལ་ལས་སྟེགས་བརྒྱུད་རྣམ་གྲངས་དེ་གཉེར་རྗེས་འཛད་སྤྱོད་པའི་མངགས་ཐོ་འགུགས་པ་དང་། དེ་ནས་ཀུང་སིའི་ཞིང་དུད་དང་ཞིང་གྲོང་ངམ་ཡང་ན་ཞིང་འབྲེལ་ཞབས་ཞུའི་ཚོང་པ་སྒྲིག་འཛུགས་བྱས་ནས་མངགས་མཁན་ལ་སྔོན་མངགས་ཀྱི་ཞིང་ལས་ཐོན་ཟོག་འདེབས་འཛུགས་ཀྱི་ཞབས་ཞུ་བྱེད་ཀྱི་ཡོད་ཅེས་ཚོང་གཉེར་བྱེད་སྟངས་སྐོར་ངོ་སྤྲོད་བྱས།
         “དེ་ནི་ཕྱོགས་མང་པོས་གྲབས་གསོག་བྱེད་པའི་རྣམ་གྲངས་ཤིག་ཡིན་པར་བརྟེན་མ་དངུལ་སྒོར་ཁྲི་10ཡན་ཟིན་ཚེ་ང་ཚོས་ལག་ལེན་བསྟར་གྱི་ཡོད”ཅེས་ཁྲེང་ཆན་གྱིས་དེ་ལྟར་བཤད་པ་དང་། ཁོང་གིས་ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་ཚད་དང་ལྡན་ལ་ལག་རྩལ་གྱི་རེ་བའང་ཧ་ཅང་མཐོན་པོ་ཡོད་པ་མ་ཟད། རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད་ཅེས་བཤད།