འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་15ཉིན།

༄༅།།མཚོ་སྔོན་གྱིས་མཚོ་སྔོན་པོའི་མཐའ་སྐོར་གྱི་ཉེན་དོན་མཉམ་སྒྲུབ་ལམ་སྲོལ་བཙུགས་ནས་སྣོད་བཅུད་སྲུང་སྐྱོང་
དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་15ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ཡུལ་སྐོར་དར་བའི་ནམ་དུས་སུ། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུས་ལས་སྒྲུབ་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་མ་སླེབས་གོང་རྒྱལ་ལམ་109རྒྱུད་ཀྱི་འགྲིམ་འགྲུལ་ལས་འཛོལ་10ལྷག་ཙམ་སྔ་སྣུར་དུ་ཐག་གཅོད་བྱས་ནས་ཉེན་ཁ་སླར་ཡང་མི་ཐོན་པ་བྱས་པས། འབྲེལ་ཡོད་ཀྱི་ཉེན་ཁ་ཐོན་ཚུལ་ན་ནིང་གི་དུས་མཚུངས་ལས་ཉུང་དུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད། ཟླ་གཅིག་ཙམ་རིང“ཨང་རྟགས་རྫུས་མ་དང་ཨང་རྟགས་གཞན་སྤྱོད”ཀྱི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་སྤྱི་བདེ་ཅུས་ཀྱིས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུས་དང་ཕན་ཚུན་ཉེན་ཁའི་གནས་ཚུལ་སྤེལ་རེས་བྱས་ནས་ཁྲིམས་འགལ་དོགས་གཞི་ཡོད་པའི་འཁོར་རིགས་དང་མི་སྣར་ཞིབ་བཤེར་ཐག་གཅོད་མགྱོགས་མྱུར་བྱས་པ་རེད།
     ས་ཁུལ་ཁག་གི་ཉེན་རྟོག་རིགས་ཁག་སྦྲེལ་མཐུད་དམ་ཟབ་བྱུང་ནས་ས་ཁོངས་འཕེལ་རྒྱས་ཀྱི་བཀོད་ཇུས་ཕན་ཚུན་མཐུན་སྦྱོར་ཐུབ་པའི་ཉེན་རྟོག་ཞབས་ཞུའི་རྣམ་པ་ཞིག་ཆགས་ཡོད་པ་ནི་མཚོ་སྔོན་ཞིང་ཆེན་གྱིས་སྤྱི་བདེ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བའི་གཙོ་གནད་ཅིག་རེད།
     མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་དེ་ཡིན་ལ། རྒྱལ་སྤྱིའི་འདམ་ར་གལ་ཆེན་ཡང་ཡིན་ཞིང་། ཡུལ་ལྗོངས་ལྟ་ན་སྡུག་པ་དང་འགྲིམ་འགྲུལ་སྟབས་བདེ་བས་ཡུལ་སྐོར་དར་བའི་དུས་སུ་འགྲིམ་འགྲུལ་གྱི་གནོན་ཤུགས་ལོ་རེ་བཞིན་ཆེ་རུ་འགྲོ་བ་མ་ཟད། ཐ་ན་ཁྲིམས་འགལ་བ་འགའ་ཞིག་གིས་མཚོ་སྔོན་པོའི་ཉེ་འཁོར་དུ་ཁྲིམས་འགལ་ངང་ཉ་འཛིན་པ་དང་རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལྐོག་རྔོན་རྒྱག་གི་ཡོད་པ་རེད།
     མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་པའེ་ཧྲི་ཏེས་མཚོ་སྔོན་པོའི་མཚོ་སྐོར་རིང་ཚད་སྤྱི་ལེ་360ལྷག་ཙམ་ཟིན་པ་དང་། དེའི་རྒྱུད་དུ་བོད་དང་ཤིན་ཅང་དུ་སྐྱོད་སའི་བགྲོད་ལམ་གལ་ཆེན་ཡོད། དུས་བབ་གསར་པར་ཕྱོགས་སྐབས། མཚོ་སྐོར་གྱི་ཁྱད་ཆོས་ལྡན་པའི་ཉེན་རྟོག་ཞབས་ཞུའི་མཉམ་སྒྲུབ་ལམ་སྲོལ་བཙུགས་ནས་མཚོ་སྐོར་ཁུལ་གྱི་སྣོད་བཅུད་ཤེས་དཔལ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུ་ཁ་ཚ་དགོས་གཏུགས་ཤིག་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
     མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཡུས་ཞའོ་ཡུན་གྱིས་སྤུན་ཟླའི་ཚན་པ་ཁག་དབར་གྱིས་ལས་སྟེགས་གསར་པ་སྤྱད་དེ་ཕན་ཚུན་རོགས་རམ་མགྱོགས་མྱུར་བྱས་ནས་གྱོད་གཞི་མྱུལ་ཞིབ་དང་རྩད་གཅོད་ཀྱི་གོ་སྐབས་སྔོན་ལ་བཟུང་སྟེ། གྲུབ་འབྲས་ཐོབ་པའི་བྱ་ཐབས་བཀོལ་སྤྱོད་ཚད་གཞིར་རིམ་པ་སྤོར་བ་དང་། ས་ཁུལ་གཅིག་དང་། སྡེ་ཚན་གཅིག ཉེན་རྟོག་རིགས་གཅིག་བཅས་ཀྱི་ཉམས་མྱོང་དེ་མཚོ་སྐོར་སྤྱི་བདེའི་ཐུན་མོང་གི་རྒྱུ་ནོར་ལ་བརྩིས་ཡོད་ཅེས་བརྗོད་པ་རེད།