འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་14ཉིན།

༄༅།།འཕེལ་རྒྱས་འགྲོ་བཞིན་པ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཕན་པ་ཐོབ་པའི་འདུ་ཚོགས་གཟབ་རྒྱས་ཤིག 

——འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝུའེ་ཏུའོ་ལ་བཅར་འདྲི་ཞུས་པའི་སྐོར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་14ཉིན། 13:11】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
       “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་གོ་ལ་ཧྲིལ་པོ་ཅན་དང་སྒོ་དབྱེའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱས་ནས་ཚོང་དོན་རོགས་ཟླར་སྒོ་མོ་ཆེན་པོ་འབྱེད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་དེར་དགའ་བསུ་ཆེན་པོ་ཐོབ་འདུག དེ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ལའང་ཁེ་བཟང་ཐོབ་པར་བྱེད་པའི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན”ཞེས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ལུའོ་པོ་ཐུའོ·ཨ་ཙེ་ཝུའེ་ཏུའོ་ཡིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་དང་སྐབས་དེའི་འགྲེམས་ཚོགས་ལ་ཚད་མཐོའི་གདེང་འཇོག་དེ་ལྟར་བྱས་པ་རེད།
        ཨ་ཙེ་ཝུའེ་ཏུའོ་ཡིས། དུས་ཡུན་རིང་པོའི་ནང་ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་དང་དེ་བཞིན་འཕེལ་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ཚུད་པ་ཚང་མ་དང་འབྲེལ་བ་ཡག་པོ་བཙུགས་ཡོད། ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་ཁབ་དེ་དག་ལ་རོགས་རམ་བྱས་ནས་ཐོན་ཁུངས་སྔར་བས་བེད་སྤྱོད་གང་ལེགས་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནང་མཉམ་འདྲེས་སྔར་བས་ཟབ་མོ་ཡོང་བར་བྱས་ཡོད། ཀྲུང་གོའི་ཁྲོམ་ར་གོ་ལ་ཧྲིལ་པོར་ཕྱོགས་པ་དང་ཀྲུང་གོས་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ཚེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔར་བས་ཕན་པ་ཐོབ་ངེས་རེད། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་སྲོལ་རྒྱུན་གྱི་ལེགས་ཆར་བརྟེན་ན་དེའི་ནང་ནས་ཁེ་བཟང་དངོས་ཐོབ་ངེས་རེད་ཅེས་བརྗོད།
       ད་དུང་ཨ་ཙེ་ཝུའེ་ཏུའོ་ཡིས། ད་ཆ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས་ལ་གྲོས་མོལ་བྱེད་པ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་མ་གཏོང་བའི་རྒྱུན་བསྲིང་བྱེད་སྟངས་བཙལ་ནས་རྩོད་གཞི་ཐག་གཅོད་ཀྱི་ལམ་སྲོལ་སྔར་བས་ནུས་ལྡན་བཟོ་བ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཕྱི་གསལ་ནང་གསལ་ཆེ་རུ་བཏང་སྟེ་དཔལ་འབྱོར་གྱི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་ཆེད་གྲ་སྒྲིག་ཨང་བསར་བྱས་པ་ཞིག་རེད་ཅེས་བཤད།
       ནང་འདྲེན་དངོས་མང་སྟོན་ཚོགས་དེའི་ཐོག་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཆེད་དམིགས་འགྲེམས་སྟེགས་བརྒྱུད་དེའི་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་སོ་སོའི་ནུས་པ་གང་ལེགས་མངོན་པར་བྱས་པ་རེད། ཚེས་5ཉིན་གྱི་འགོ་འཛུགས་མཛད་སྒོའི་ཉིན་དེར་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ད་དུང་འགྲེམས་ཚོགས་ཀྱི་ཡུལ་དངོས་སུ《2018ལོའི་འཛམ་གླིང་ཚོང་དོན་སྙན་སྒྲོན་—གྲངས་འཛིན་ལག་རྩལ་གྱིས་གོ་ལ་ཧྲིལ་པོའི་ཚོང་དོན་ལ་འགྱུར་ལྡོག་ཇི་ལྟར་གཏོང་ལུགས་སྐོར》ཞེས་པའི་རྒྱ་ཡིག་པར་གཞི་ཡང་ཁྱབ་བསྒྲགས་བྱས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། སུའུ་ལེང་དང་ཅི་མིང་གིས།