འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།དུས་རབས་དང་བསྟུན་ནས་ཀློག་པ་པོར་ཞབས་འདེགས་ཞུ་དགོས།

བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་དཔལ་ལྡན་ལགས་ལ་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
 གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པ།
 གཞུང་ལས་ཁང་དུ་ཕྱག་ལས་གནང་བཞིན་པ།
           ད་ལོ་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40འཁོར་བའི་སྐལ་བཟང་གི་དུས་ཤིག་ཡིན་ཞིང་། འདས་ཟིན་པའི་ལོ་ངོ་40རིང་བོད་ཀྱི་རིག་གནས་དང་སློབ་གསོ། གསོ་རིག  དཔལ་འབྱོར་སོགས་ཀྱི་ཐད་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས། མི་དམངས་དྲ་བའི་གསར་འགོད་པས་གོ་སྐབས་འདི་དང་བསྟུན་ནས་བོད་ལྗོངས་ལྷ་ས་རུ་བཅར་འདྲིར་བསྐྱོད་པ་ཡིན། 
            བཀྲ་ཤིས་དཔལ་ལྡན་ལགས་ནི་བོད་ལྗོངས་རིན་སྤུངས་རྫོང་གི་ཞིང་པ་ཕལ་པའི་ཁྱིམ་ཞིག་ཏུ་སྐྱེས་ཤིང་། རིན་སྤུངས་རྫོང་གི་སློབ་འབྲིང་དུ་སློབ་སྦྱོང་ལོ་གཉིས་ལྷག་ཙམ་བྱས་ནས་སློབ་འབྲིང་ཐོན་རྗེས། གཞི་རིམ་གྱི་དམངས་བཙུགས་སློབ་གྲྭར་ལོ་ངོ་བརྒྱད་ཙམ་ལ་དགེ་རྒན་གནང་ནས་སློབ་མ་མང་པོ་བྱམས་ཀྱིས་བསྐྱངས་གནང་ཡོད་ཅིང་། 1984ལོ་ནས་བཟུང་། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་འཕྲིན་སྤེལ་བ་དང་གསར་འགོད་པ། རྩོམ་སྒྲིག་པ་སོགས་སྤྱིའི་ཆ་ནས་ལས་ཁུངས་དེའི་ལས་ཀ་ཆ་ཚང་གནང་མྱོང་ཡོད། 
          ཁོང་ནི་སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་འཚར་ལོངས་བྱུང་བའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་ཞིང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པ་ནས་རྩོམ་རིག་སྐོར་གྱི་བརྩམས་ཆོས་སྤེལ་འགོ་བརྩམས་པ་སྟེ། སྔ་རྗེས་སུ《བགྲེས་སོང་ཚེ་རིང་ལ་གོ་འཛོལ་བྱུང་བ》དང《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》《རྒྱུད་སྐུད་སྟེང་གི་རྣམ་ཤེས》སོགས་སྒྲུང་གཏམ་ཐུང་འབྲིང་བཞི་བཅུ་ལྷག་ཙམ་བྲིས་གནང་ནས་བོད་ཀྱི་ཀློག་པ་པོའི་ཁྲོད་དུ་བག་ཆགས་གཏིང་ཟབ་བཞག་ཡོད་ཅིང་། དེང་རབས་ལྷ་མོའི་འཁྲབ་གཞུང《རྡོ་གཞོང་ལའི་དཔྱིད་ཀ》ཞེས་པ་དེ་འཁྲབ་གཞུང《རི་མགོ་མཐོན་པོའི་ཉི་མ》དང《བྲག་ཆ》ལ་བསྒྱུར་བཟོ་བྱས་ཡོད།  1992ལོར། བོད་ཀྱི་རྒྱ་ཆེའི་ཀློག་པ་པོ་ཀུན་ལ་རྒྱུས་མངའ་ཆེ་བའི་སྒྲུང་གཏམ་རིང་གྲས《ཕལ་པའི་ཁྱིམ་ཚང་གི་སྐྱིད་སྡུག》དཔེ་སྐྲུན་གནང་བ་དང་། སྔ་རྗེས་སུ་ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་བྱ་དགའ“རྟ་མཆོག་བྱ་དགའ” དང་། རྒྱལ་ཡོངས་ཀྱི་རྩོམ་རིག་བྱ་དགའ“ཀྲོང་ཀྲུང་ཝུན་རྩོམ་རིག་བྱ་དགའ།” ཞིང་ལྗོངས་ལྔའི་དུས་རབས་གསར་པའི་རྩོམ་རིག་གསར་རྩོམ་བྱ་དགའ། བོད་རང་སྐྱོང་ལྗོངས་ཀྱི“ཇོ་མོ་གླང་མའི་རྩོམ་རིག་སྒྱུ་རྩལ་བྱ་དགའ”དང་། “གངས་རྒྱན་བུམ་པའི་བྱ་དགའ”སོགས་ཐོབ་ཡོད་ཅིང་།  བརྩམས་ཆོས་ལ་ལ་རྒྱ་ཡིག་དང་། དབྱིན་ཡིག་ལ་བསྒྱུར་ཡོད་པ་དང་། 《རི་མགོ་མཐོན་པོའི་ཉི་མ》ནི་ཞིང་ལྗོངས་ལྔའི་མཐོ་འབྲིང་བོད་ཡིག་བསླབ་གཞིའི་ནང་བདམས་ཤིང་བཀོད་ཡོད། གཞན་ཡང་སྒྲུང་ཐུང་བདམས་སྒྲིག《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》(1991ལོ)དང་།  སྒྲུང་འབྲིང་བདམས་སྒྲིག《རྒྱུད་སྐུད་སྟེང་གི་རྣམ་ཤེས》(1995ལོ)  ལྷུག་རྩོམ་ཕྱོགས་བསྒྲིགས《ས་སྲོས་ཀྱི་འཆར་སྒོ》(2010ལོ) དོན་བརྗོད་ལྷུག་རྩོམ་རིང་གྲས《དགུན་གཞུང་རིང་མོ》(2014ལོ)སོགས་དཔེ་སྐྲུན་གནང་ཡོད།  བོད་ཀྱི་དུས་སྐབས་གསར་པའི་རྩོམ་རིག་དར་མ་ཐག་པའི་སྐབས་སུ། ཁོང་གིས་ད་དུང་རྩོམ་རིག་ཞིབ་འཇུག་ཐད་ལའང་དཔྱད་རྩོམ་ཁ་ཤས་བྲིས་གནང་ཡོད་དེ། དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ལ་རྒྱུད་རིམ་ལྡན་པའི་ཞིབ་འཇུག་བྱས་པའི་དཔྱད་རྩོམ་ཐོག་མ་ཡིན་པའི《དོན་གྲུབ་རྒྱལ་གྱི་བརྩམས་འབྲས་དང་དེས་བོད་ཡིག་གི་དུས་སྐབས་གསར་པའི་རྩོམ་རིག་ལ་ཐེབས་པའི་ཤུགས་རྐྱེན་སྐོར》ཞེས་པ་དང་། 《དུས་སྐབས་གསར་པའི་བོད་ཡིག་བརྩམས་སྒྲུང་ལ་རགས་ཙམ་དཔྱད་པ》ལྟ་བུ་ནི་ད་ལྟའང་ཀློག་པ་པོའི་སེམས་ན་གསལ་པོར་གནས་ཡོད། ཉེ་ཆར། ད་དུང་ཞིབ་འཇུག་སློབ་མ་དག་དང་མཉམ་དུ་ལེགས་འགྲུབ་བྱུང་བའི་ཕྱི་རྒྱལ་གྱི་ལེགས་བཤད་གྲགས་ཅན་སྒྱུར་རྩོམ《འཇིག་རྟེན་ལུགས་ཀྱི་བསྟན་བཅོས》ཞེས་པ་མི་རིང་བར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་འཆར་ཡོད་པ་རེད། 
          དེང་སྐབས། བཀྲ་ཤིས་དཔལ་ལྡན་ལགས་ཀྱིས་སྔར་བཞིན་རྩོམ་རིག་གསར་རྩོམ་གྱི་བྱ་བ་རྒྱུན་སྐྱོང་གནང་བཞིན་ཡོད་ལ། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་དང་། མཐོ་རིམ་རྩོམ་སྒྲིག་པ། བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།  རྒྱལ་ཡོངས་ཐ་སྙད་བཀས་བཅད་མཁས་དབང་ཚོགས་ཆུང་གི་ཁོངས་མི་སོགས་ཀྱི་འགན་ཡང་བཞེས་བཞིན་ཡོད།  
        བཀྲ་ཤིས་དཔལ་ལྡན་ལགས་ཀྱིས། ངས་སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཀྱི་བོད་ཀྱི་རྩོམ་རིག་ལ་དུས་སྐབས་གསར་པའི་རྩོམ་རིག་ཞེས་འབོད་ཀྱི་ཡོད། དེ་སྔོན་དེའི་སྐོར་ལ་དཔྱད་རྩོམ་ཀྱང་སྤེལ་མྱོང་ཡོད་ཅེས་དང་། དུས་སྐབས་གསར་པའི་རྩོམ་རིག་དང་དེའི་སྔོན་གྱི་རྩོམ་རིག་ཐད་ལ་རྩོམ་པ་པོ་དང་རྗོད་བྱེད་ཚིག་གི་སྦྱོར་བ། བརྗོད་བྱའི་མཚོན་དོན་སོགས་ལ་ཁྱད་པར་མང་པོ་ཡོད་ཅིང་། དེ་ལས་ཁྱད་པར་ཆེ་ཤོས་ནི་བརྗོད་བྱའི་མཚོན་དོན་ཐད་ལ་ཁྱད་པར་ཆེན་པོ་བྱུང་ཡོད་པ་སྟེ། དེ་ཡང་དུས་སྐབས་གསར་པའི་རྩོམ་རིག་ནང་མི་སེར་དཀྱུས་མའི་འཚོ་བ་མཚོན་པའི་རྩོམ་རིག་གི་བརྩམས་ཆོས་མང་པོ་ཞིག་ཐོན་པ་དེ་ཡིན་ཞེས་གསུངས། ང་ཚོས་རྒན་ལགས་ཁོང་གི་བརྩམས་ཆོས་ལས་ཀྱང་མི་སེར་དཀྱུས་མའི་འཚོ་བའི་སྐྱིད་སྡུག་ཚོར་ཐུབ་ཅིང་། ད་ཆ་ཁོ་རང་ཕྱག་ལས་ལ་བྲེལ་བ་ཆེ་ཡང་རྩོམ་འབྲི་བའི་མཚམས་བཞག་མྱོང་མི་འདུག 
          བཀྲ་ཤིས་དཔལ་ལྡན་ལགས་ཀྱིས། རྩོམ་པ་པོ་ནི་མི་མང་པོའི་ཕུགས་འདུན་བཅང་ཡུལ་དང་རེ་སྨོན་ཤོར་ས་ཞིག་ཡིན་མོད། དོན་དངོས་སུ་ཀློག་པ་པོའི་ཁས་ལེན་ཐོབ་པའི་རྩོམ་པ་པོ་ཞིག་ཏུ་འགྱུར་དགོས་ན། ངེས་པར་དུ་གཤམ་གྱི་ཆ་རྐྱེན་ཁག་ཚང་དགོས་ཏེ། གཅིག་ནི་དད་སྣང་དགོས་པ་དང་། གཉིས་ནི་བརྩོན་འགྲུས་ལྡན་པ། གསུམ་ནི་ཀློག་པ་པོར་དོ་སྣང་བྱ་དགོས་པ་སོགས་ཡིན། གཞན་ཡང་། ད་ལྟའི་བོད་ཀྱི་རྩོམ་རིག་གི་གནས་བབས་ལ་མཚོན་ན། རྩོམ་པ་པོ་དག་གིས་ངེས་པར་དུ་སྤྱི་ཚོགས་ཧྲིལ་པོར་འགན་འཁྲིའི་སེམས་པ་བཅང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་དང་། ཁོང་ཉིད་ལ་མཚོན་ནའང་ཉིན་ལྟར་དཔེ་ཀློག་གནང་བཞིན་ཡོད་ལ། ལོ་རེར་གཞི་རིམ་དུ་བཅར་འདྲི་ལའང་སྐྱོད་བཞིན་ཡོད་པ་རེད། དེང་སྐབས་ཁོང་གི་བརྩམས་ཆོས་ནི་དཔེ་སྐྲུན་ཁང་སོ་སོ་ནས་དཔེ་སྐྲུན་བྱས་ཏེ་དཔེ་ཚོང་ཁང་སོ་སོ་ནས་མཇལ་ཐུབ་ལ། རྒྱ་ཆེའི་ཀློག་པོ་པོས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཁ་པར་སོགས་ཀྱི་མཉེན་ཆས་ནས་དཔེ་དེབ་སྣ་མང་ཕུན་སུམ་ཚོགས་པོར་ལྟ་བ་དང་ཉན་ཐུབ་ཀྱི་ཡོད་པ་དང་། ལྷག་པར་དུ་བོད་ལ་མཚོན་ནའང་དཔེ་ཁང་མང་དུ་ཕྱིན་པ་དང་། དཔེ་དེབ་ཀྱི་རིན་གོང་བདེ་ཞིང་རྒྱུ་ཆ་ལེགས་སུ་ཕྱིན་ཡོད་པས་རྒྱ་ཆེའི་ཀློག་པ་པོའི་དཔེ་ཀློག་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་གསུངས།