འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།ཐིགས་པ་རྒྱག་པའི་སྤྱིལ་བུ་ནས་དེང་རབས་ཅན་གྱི་སློབ་གྲྭའི་བར་གྱི་འགྱུར་བ། 

—— བོད་ལྗོངས་ཆབ་མདོའི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་མཐོ་སྒང་སློབ་ཁང་གི་འགྱུར་ལྡོག 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡོད་པའི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་དམར་རི་གྲོང་རྡལ་སློབ་ཆུང་གཉིས་པར་གངས་བསྟུད་མར་བབས་ནས་གནམ་གཤིས་གྲང་དུ་ཕྱིན་ཡང་དེང་རབས་ཅན་གྱི་དྲོ་སོབ་སོབ་ཀྱི་སློབ་ཁང་དུ་སློབ་མ་ཚོ་སྔར་བཞིན་དཔེ་དེབ་ཀློག་བཞིན་འདུག
     ཕྱི་ནས་བལྟས་ན། སློབ་གྲྭ་དེ་ནང་སའི་སྤྱིར་བཏང་གི་སློབ་གྲྭ་དང་ཁྱད་པར་དེ་ཙམ་མེད། “ཟླ་བ་གཉིས་ཀྱི་གོང་དུ་བློ་ཐག་བཅད་ནས་དེ་གར་ཡོང་བ་ཡིན”ལོ་23ལ་སླེབས་པའི་རྒན་ཀྲོའུ་ཆིང་ལགས་ནི་ཟླ་བ་བརྒྱད་པའི་ཟླ་འགོར་ཤེས་ལྡན་མི་སྣ་གདན་འདྲེན་པ་ལས་སི་ཁྲོན་ཡ་ཨན་ནས་དམར་རི་གྲོང་རྡལ་གྱི་སློབ་ཆུང་གཉིས་པར་ཡོང་བ་ཞིག་རེད། “གན་རྒྱ་ལོ་བརྒྱད་བཞག་པ་ཡིན། གནོང་འགྱོད་མིན་འདུག”ཅེས་བཤད།
    སློབ་སྤྱི་ངག་དབང་ཡོན་ཏན་གྱིས་གསར་འགོད་པར་དུས་རབས་གོང་མའི་ལོ་རབས་བདུན་ཅུར་དམར་རི་གྲོང་རྡལ་གྱི་སློབ་ཆུང་གཉིས་པ་ནི་དེ་སྔ་ཉེ་འགྲམ་གྱི་རང་བྱུང་གྲོང་ཚོ་གཉིས་ཀྱི་སློབ་ཁྲིད་ས་ཚིགས་ཤིག་རེད། སྐབས་དེ་དུས་རྒན་ཚེ་རིང་དཔའ་མོ་དང་ཁོང་གི་བཟའ་ཟླས་སློབ་ཚན་འཁྲིད་ཀྱི་ཡོད། 2005ལོར། ཀྲུང་གོ་རྒྱ་མཚོའི་སྐྱེལ་འདྲེན་ཚོགས་པས་རོགས་སྐྲུན་བྱས་རྗེས། སློབ་གྲྭ་ད་ལྟའི་གནས་འདིར་སྤོས་པ་དང་ད་ཆ་སློབ་མ་249དང་དགེ་རྒན་29ཡོད་ཅེས་བཤད།
     “དེ་སྔ་ང་ཚོའི་སློབ་གྲྭར་སོ་ཕག་གི་ཁང་མིག་གཉིས་ལས་མེད། དོན་དངོས་ཐོག་སྤྱིལ་ཁང་རེད་ཅེས་བརྗོད་ཆོག ཆར་པ་གཏོང་སྐབས་ཐིགས་པ་རྒྱག་གི་ཡོད། སྐབས་དེ་དུས་ལོ་རིམ་དང་པོ་ནས་ལོ་རིམ་གསུམ་པའི་བར་འཛིན་གྲྭ་གསུམ་ལས་མེད་པ་དང་འཛིན་གྲྭ་རེར་སློབ་མ་20ལས་མེད། ཕ་མས་ཀྱང་ཕྲུ་གུ་སློབ་གྲྭར་བཏང་ཡང་ཆོ་མེད་སྙམ་ནས། ཕྲུ་གུ་ཕྱུགས་འཚོ་བར་གཏོང་འདོད་བྱེད་ཀྱི་ཡོད། ཕྱིས་སུ་ལས་བྱེད་པས་ཕ་མར་ཁ་ཏ་བསླབ་བྱ་བྱས་རྗེས་ཕྲུ་གུ་སློབ་གྲྭར་གཏོང་དུ་བཅུག་སོང་། ད་ཆ་ཕ་མས་རང་འགུལ་ངང་ཕྲུ་གུ་སློབ་གྲྭར་གཏོང་བ་དང་སློབ་མཚམས་ཆད་པའི་གནས་ཚུལ་ཐོན་མྱོང་མེད་ཅིང་། རྒྱ་ཡིག་དང་བོད་ཡིག་སློབ་ཚན་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་ལུས་རྩལ་ཐང་གི་སྤང་སྟེང་ལ་ལངས་ནས་ལྷབ་ལྷུབ་ཏུ་གཡོ་བའི་རྒྱལ་དར་ལ་ལྟ་བཞིན་ལོ་44ལ་སླེབས་པའི་ཚེ་རིང་དཔའ་མོས་སེམས་འགུལ་ཐེབས་བཞིན་དེ་ལྟར་བཤད།
   ངག་དབང་ཡོན་ཏན་གྱིས“དེ་སྔ་ཉིན་གུང་སློབ་གྲྭ་གྲོལ་རྗེས། ཕྲུ་གུ་ཚང་མ་ཁྱིམ་དུ་ལོག་གི་ཡོད། ཐག་རིང་ཤོས་སྤྱི་ལེ་10སྐྱོད་དགོས་ཀྱི་ཡོད། ད་ཆ་ལྟོ་དུས་གསུམ་སློབ་གྲྭར་ཟ་བ་དང་ཉལ་ཁང་ཡང་བཀོད་སྒྲིག་བྱས་ཡོད། དགུན་དུས་ཆུ་གྲང་མོ་བཏུངས་ན་ཕྲུ་གུ་ཚོ་གྲོད་པ་མི་བདེ་བས། ཀྲུང་གོ་རྒྱ་མཚོ་སྐྱེལ་འདྲེན་ཚོགས་པས་འདི་ལོའི་ཟླ་བ་དགུ་པར“ཕོར་པ་གཅིག”གི་དྲོ་སྐྱིད་མཚོན་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ་སློབ་མ་དང་དགེ་རྒན་ཚོར་དྲོད་སྲུང་ཕོར་པ་རེ་སྤྲད་བྱུང”ཞེས་བཤད།
     སློབ་གྲྭའི་སྒྲིག་ཆས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་དགེ་རྒན་གྱི་ཐོབ་ཆ་ཡང་ལོ་རེ་བཞིན་མཐོ་རུ་སོང་ཡོད། “དུས་རབས་གོང་མའི་ལོ་རབས་དགུ་བཅུར་ངའི་བཟའ་ཟླར་ཟླ་རེར་གླ་སྒོར་80ལས་མེད་པ་དང་ངའི་གླ་ཆ་ཡང་ཟླ་རེར་སྒོར་500ལས་མེད། ད་ཆ་ངའི་ཟླ་ཕོགས་སྒོར་ཁྲི་གཅིག་ལྷག་ཙམ་ཡོད། སྔོན་ཆད་དེ་འདྲ་བསམ་པའི་ཡུལ་ལའང་འཁོར་མྱོང་མེད། ཏང་གི་སྲིད་ཇུས་བཟང་པོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཚེ་རིང་དཔའ་མོས་དེ་ལྟར་བཤད།
     ས་མཐོར་ཡོང་མཁན་དགེ་རྒན་གསར་པ་ཇེ་མང་དུ་སོང་ཞིང་། ལོ་29ལ་སླེབས་པའི་མཚོ་སྔོན་བ་ཁུང་ལིང་ཧྲའོ་ནི་ཀྲོའུ་ཆིང་དང་འདྲ་བར་ཟླ་བ་གཉིས་ཀྱི་གོང་དུ་དམར་རི་གྲོང་རྡལ་གྱི་སློབ་ཆུང་གཉིས་པར་དགེ་རྒན་བྱེད་པར་སླེབས་པ་ཞིག་རེད། ང་ཕྲུ་གུར་ཧ་ཅང་དགའ་པོ་ཡོད། ཕྲུ་གུ་ཚོའི་གྲུང་ཤ་དོད་པའི་མིག་ཟུང་དང་ཟོལ་མེད་ཀྱི་འཛུམ་མདངས་མཐོང་སྐབས་སེམས་ནང་དགའ་ཚོར་ཆེན་པོ་འདུག ཕྱིས་སུ་དེ་ནས་དགའ་རོགས་བཙལ་ཏེ་དེ་གར་སྡོད་རྒྱུ་ཡིན་ཞེས་བཤད། ཚེ་རིང་དཔའ་མོའི་ཕྲུ་གུ་ཡང་མཐོ་འབྲིང་ལོ་རིམ་གསུམ་པ་ཡིན་པ་དང་དེ་སྔོན་སློབ་ཚན་འཁྲིད་མྱོང་བའི་སློབ་མ་མང་པོ་ད་ཆ་ལས་ཀར་ཞུགས་ཟིན་པ་ལས་ལ་ལ་ནི་ཁོང་དང་འདྲ་བར་དགེ་རྒན་ཡིན་པ་མཐོང་སྐབས་སྤོབས་སེམས་སྐྱེས་ཤིང་། ཁོང་གིས “རྒན་ཡོལ་ཞུས་རྗེས་མུ་མཐུད་ལས་དོན་བསྒྲུབས་ནས་སློབ་ཁྲིད་ཀྱི་ཉམས་མྱོང་བཟང་པོ་དགེ་རྒན་གསར་པར་བརྒྱུད་སྤྲོད་བྱས་ཏེ་བརྒྱུད་རོགས་ཁྲིད་གསུམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན”ཞེས་བཤད།
     “སློབ་གསོའི་དབུལ་སྐྱོར་ནི་དབུལ་པོ་བུ་རབས་ཚ་རྒྱུད་ཀྱི་གནད་དོན་བསེལ་བའི་ཐབས་ཇུས་ཤིག་རེད། ལོ་5དང་ལོ་8ཐ་ན་མི་ཚེ་གཅིག་བྱེད་དགོས་ཀྱང་གནོང་འགྱོད་སྤུ་ཙམ་མིན་འདུག”ཅེས་ངག་དབང་ཡོན་ཏན་གྱིས་བཤད།