འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཀྲོའུ་རུ་ལོ་9ལ་ཐང་རྒོད་ས་ཆ་སྤྱི་ཆིང་ཁྲི་2.82ཉུང་དུ་ཕྱིན་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཧོར་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་བྱེ་འགོག་བྱེ་བཅོས་ལས་དོན་སྣོད་བཅུད་ཁོར་ཡུག་ལེགས་སུ་གཏོང་བ་དང་མཚོང་སྐྱོད་ལྟ་བུའི་འཕེལ་རྒྱས་དོན་གཉེར་གྱིས་ཀྲོའུ་སྟོབས་ཆེར་གཏོང་བའི་ཇུས་ཆེན་ལ་བརྩིས་ནས་ཞིང་ཆེན་ཡོངས་ཀྱི་སྔོན་དུ་རྩྭ་བཀག་དང་། རྩྭ་ར་བསྙལ་བ། ཁུལ་ཁོངས་དབྱེ་ནས་རྩྭ་ཁ་རེས་སྐོར་སོགས་ཀྱི་སྲིད་ཇུས་ཁྱབ་གདལ་དང་། ནགས་ལས་ཀྱི་གཙོ་གནད་ལས་གྲྭ་ལག་བསྟར། རྒྱལ་ཁབ་ས་ཆའི་ཐོན་ཁུངས་སྔོ་འགྱུར་ཁྱབ་གདལ་ཤུགས་ཆེན་བཏང་བ་བཅས་བྱས་པར་བརྟེན། སྣོད་བཅུད་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ཐང་རྒོད་ས་ཁྱོན་2009ལོ་ལས་སྤྱི་ཆིང་ཁྲི་2.82ཉུང་དུ་ཕྱིན་ནས་ནགས་སའི་རྒྱ་ཁྱོན་དང་ནགས་ཚལ་ཁྱབ་ཚད“གཉིས་འཕར”དང་ཐང་རྒོད་ཅན་དང་བྱེ་གྱུར་གྱི་ས་ཁྱོན“ཉུང་གཏོང་གཉིས”མངོན་འགྱུར་བྱུང་ཡོད།
     ས་ཞིང་བྱེ་འགྱུར་ལས་ཐོན་པའི་སྣོད་བཅུད་ཀྱི་ཉེན་ཁ་ཞི་ལྷོད་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་། མཚོ་ནུབ་ཀྲོའུ་ཡིས“བྱང་གསུམ”འགོག་སྲུང་ནགས་ཚལ་དང་། རྨོ་སྐྱུར་ནགས་གསོ། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་པ་སོགས་ཀྱི་འདུ་འགོད་དང་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་རྣམ་གྲངས་ཟུང་འབྲེལ་གང་ལེགས་བྱས་ཏེ། ས་བབ་མཐོ་བའི་ཐང་རྒོད་སྣོད་བཅུད་བཅོས་སྐྱོང་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཐང་རྒོད་དང་བྱེ་འགྱུར་ས་ཞིང་བཅོས་སྐྱོང་ལ་མཚོ་ནུབ་ཀྱིས་འདྲེ་ཚེར་མའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་བྱེ་ཐང་སྔོ་འགྱུར་དང་། ཞིང་འབྲོག་པར་འབབ་འཕར། ཁེ་ལས་ལ་ཕན་འཕར། ས་གནས་ལ་ཁྲལ་འཕར་བཅས་ཀྱི་ལམ་བུ་འཚོལ་ཞིབ་བྱས་ཡོད།
     མིག་སྔར། གཏེར་ལེན་ཁ་གྲོང་ཁྱེར་གྱིས་འདྲེ་ཚེར་མའི་དཔལ་འབྱོར་ནགས་ཚལ་སྤྱི་ཆིང་666.67བཏབ་པར་ལོ་ལྟར་འདེབས་འཛུགས་དང་གཡོག་བྱེད་བྱེད་མཁན་4000ཙམ་ཡོད་པ་དང་མི་རེར་ཆ་སྙོམས་ལོའི་ཡོང་འབབ་སྒོར་5000ལེན་རྒྱུ་ཡོད། དུར་ལམ་རྫོང་གིས་ཚྭ་འདམ་གཞོང་སའི་ས་བབ་མཐོ་བའི་བྱེ་སར་ཕྱོགས་བསྡུས་བཅོས་སྒྲིག་ཚོད་ལྟའི་དཔེ་སྟོན་རྟེན་གཞིའི་རྣམ་གྲངས་དང་ཚྭ་འདམ་གཞོང་སའི་ཤིང་སྣ་སྐྱེད་སྲིང་དང་དཔེ་སྟོན་ནགས་བཟོའི་ལག་རྩལ་རྣམ་གྲངས་གྲུབ་འབྲས་ལག་ལེན་བསྟར་ནས་ཚྭ་འདམ་གཞོང་སའི་བྱེ་འགྱུར་ས་ཁུལ་གྱི་ནགས་ལས་འཛུགས་སྐྱོང་ལ་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད། སྣོད་བཅུད་ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཆབས་ཅིག སྣོད་བཅུད་ཕན་འབྲས་རིམ་གྱིས་དཔལ་འབྱོར་ཕན་འབྲས་སུ་གྱུར་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་འདེགས་སྐྱོར་ནུས་ལྡན་དུ་གྱུར་ཡོད།
     མཚོ་ནུབ་ཀྲོའུ་ནགས་ལས་ཅུས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་བོད་ལྕགས་ལམ་དང་རྒྱལ་ལམ་315གཏེར་ལེན་ཁ་དུམ་བུ་བྱེ་ས་རྒྱུག་སར་གནས་པ་དང་མིས་གཏོར་བཤིག་གཏོང་ཤུགས་ཆེ་རུ་ཕྱིན་པས་ཐང་རྒོད་དུ་འགྱུར་ཚད་ཇེ་སྡུག་ཏུ་ཕྱིན་ནས་སྐྱེལ་འདྲེན་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད། དེར་བརྟེན་ནགས་ལས་སྡེ་ཚན་གྱི་ལམ་རྒྱུད་དུ་ལྗོན་ཤིང་འདེབས་པའི་འདུ་འགོད་ལག་ལེན་བསྟར་ཏེ། མཚོ་བོད་ལྕགས་ལམ་དང་རྒྱལ་ལམ་315སོགས་སུ་ནགས་བཟོ་སྤྱི་ཆིང་ཁྲི་1.8བྱས་པར་བརྟེན་རླུང་འགོག་བྱེ་འཇགས་ཐུབ་པ་མ་ཟད། ལྗང་མདོག་བར་ཁྱམས་ཀྱི་མཛེས་ལྗོངས་དང་ལྗང་མདོག་འོད་ཤུགས་ཐོན་ལས་གླིང་ཁུལ་ཡང་ཆགས་ཡོད། མིག་སྔར། མཚོ་ནུབ་ཀྲོའུ་ཡི་ཐང་རྒོད་ས་ཁྱོན་2009ལོ་ལས་སྤྱི་ཆིང་ཁྲི་2.82ཉུང་དུ་ཕྱིན་པ་དང་རྒྱལ་ཁབ་ཀྱི་གཙོ་གནད་སྤྱི་ཕན་ནགས་ཚལ་རྒྱ་ཁྱོན་2009ལོ་ལས་སྤྱི་ཆིང་ཁྲི་29.6མང་དུ་ཕྱིན་ཡོད།