འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་13ཉིན།

༄༅།།ཞུས་ཅཱ་ཡུས་ཀྱིས་སྐྱེས་པའི་རྫིང་ཆུང་གན་རྐྱལ་སྨི་100ཡི་འཛམ་གླིང་ཟིན་ཐོ་བཏོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་13ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་11ཚེས་11ཉིན་གློག་འཕྲིན་འབྱོར་གསལ། པེ་ཅིང་དུས་ཚོད་ཚེས་11ཉིན། ཀྲུང་གོའི་བདམས་ཐོན་པ་ཞུས་ཅཱ་ཡུས་ཀྱིས་རྒྱལ་སྤྱིའི་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཆུ་རྐྱལ་འཛམ་གླིང་བུམ་པའི་ཐོ་ཁེའོ་ས་ཚུགས(རྐྱལ་རྫིང་ཆུང་ངུ)ཀྱི་འགྲན་བསྡུར་ཁྲོད་སྐར་ཆ་48དང་88ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་གན་རྐྱལ་སྨི་100ཡི་ཨང་དང་པོ་བླངས་པ་མ་ཟད་ད་དུང་འགྲན་ཚན་དེའི་འཛམ་གླིང་ཟིན་ཐོ་གསར་པ་ཡང་བཏོད་པ་རེད།
     ཉིན་དེའི་སྔ་དྲོའི་གྲ་སྒྲིག་འགྲན་བསྡུར་ཁྲོད། ཞུས་ཅཱ་ཡུས་ཀྱིས་སྐར་ཆ་50དང་46གི་ཐོག་ནས་ཨང་གཉིས་པ་བླངས་པ་དང་ཨོ་སི་ཁྲུ་ལི་ཡའི་གྲགས་ཅན་ཆུ་རྐྱལ་ལུས་རྩལ་པ་ལཱ་ཅིང་གིས་སྐར་ཆ་50དང་18ཀྱི་ཐོག་ནས་ཨང་དང་པོ་བླངས་པ་རེད། མཐའ་བསྡུར་ཁྲོད། ཞུས་ཅཱ་ཡུས་ཀྱིས་སྐར་ཆ་23དང་76གི་ཐོག་ནས་སྨི་50ཡི་སར་སྔོན་དུ་སླེབས་པའི་ལེགས་ཆ་གཏན་འཁེལ་བྱས་པ་དང་། གདོང་མཆོང་དུས་སྐབས་སུ་དེ་ལབས་ཤུགས་བརྒྱབ་ནས་མཇུག་མཐར་སྐར་ཆ་48དང་88ཀྱི་ཐོག་ནས་གསེར་གྱི་རྟགས་མ་ཐོབ་པ་དང་། ལཱ་ཅིང་ཞུས་ཅཱ་ཡུས་ལས་སྐར་ཆ་0.66རྗེས་སུ་ལུས་ནས་དངུལ་གྱི་རྟགས་མ་ཐོབ་པ་རེད།
     “ངས་གན་རྐྱལ་སྨི་100ཡི་འཛམ་གླིང་ཟིན་ཐོ་གསར་པ་བཏོད་ཐུབ་བྱུང”ཞེས་ཞུས་ཅཱ་ཡུས་ཀྱིས་འགྲན་བསྡུར་ཚར་རྗེས་དགའ་སྤྲོ་ཆེན་པོས་དེ་ལྟར་བརྗོད། ཁོང་གི་གྲུབ་འབྲས་འདིས་ཨུ་རུ་སུའི་བདམས་ཐོན་པ་ཁོར་སི་ཉི་ཁོ་ཧྥུའུ་ཡིས་ན་ནིང་བཏོད་པའི་སྐར་ཆ་48དང་90ཡི་རྫིང་ཆུང་ཆུ་རྐྱལ་གྱི་འཛམ་གླིང་ཟིན་ཐོ་སྐར་ཆ་0.12མཐོ་རུ་བཏང་བ་འདི་ནི། ཀྲུང་གོའི་ཆུ་རྐྱལ་རུ་ཁག་གི་སྐྱེས་པའི་བདམས་ཐོན་པས་རྫིང་ཆུང་འགྲན་བསྡུར་ཁྲོད་བཏོད་པའི་འཛམ་གླིང་ཟིན་ཐོ་འབའ་ཞིག་དེ་ཡིན་པ་རེད།