འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བས་ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བའི་ཐད་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ངེས་ཡིན། 

——མོ་རོ་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ལིར་བཅར་འདྲི་ཞུས་པའི་སྐོར། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         “2018ལོ་ནི་ཀྲུང་གོ་དང་མོ་རོ་ཁོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་ཞིག་ཡིན་པ་དང་། ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བས་སྔར་བས་མཐོ་བའི་འགོ་འཛུགས་སའི་ཐོག་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ངེས་རེད”ཅེས་ཉེ་ཆར་ར་པ་ཐེར་མོ་རོ་ཁོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ལིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
         ལི་ལིས། 1958ལོའི་ཟླ་11ཚེས་1ཉིན་མོ་རོ་ཁོ་དང་ཀྲུང་གོའི་དབར་ཕྱི་འབྲེལ་དངོས་སུ་བཙུགས་པ་དང་། ལོ་60ཡི་རིང་ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བའི་འཕེལ་རྒྱས་བརྟན་ལ་ཕྱོགས་གཉིས་ཀྱི་མཉམ་ལས་དེ་ཁྱབ་ཁོངས་ཁག་ཏུ་ཁྱབ་པ་མ་ཟད། རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྟོབས་ཤུགས་གལ་ཆེན་བཏོན་ཡོད་ཅེས་བཤད།
        ལི་ལིས། ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། 2016ལོའི་ཟླ་5པར་མོ་རོ་ཁོའི་ཁྲི་ཐོག་དྲུག་པའི་རྒྱལ་པོ་མོ་ཧན་མོ་ཏེ་གདན་ཞུས་ལྟར་ཀྲུང་གོར་ཕེབས་ནས་རྒྱལ་དོན་འཚམས་འདྲི་གནང་བ་མ་ཟད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས《རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རོ་ཁོ་རྒྱལ་ལྡན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》ལ་མཉམ་དུ་མཚན་རྟགས་བཀོད་གནང་བ་རེད། མོ་རོ་ཁོས་ལོ་དེའི་ཟླ་6པ་ནས་བཟུང་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པའི་ཐོབ་ཐང་སྤྲད་ཅིང་། བྱེད་ཐབས་དེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནང་དཔེ་སྟོན་གྱི་ཕན་ནུས་ཐོན་ནས་ཐུ་ནི་སི་སོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྤྱི་དམངས་ལ་སྔ་རྗེས་སུ་ཐོངས་མཆན་འགོད་མི་དགོས་པ་བྱས་ཡོད་ཅེས་བརྗོད།
        ཁོང་གིས། མོ་རོ་ཁོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་ཐོག་མར་ཞུགས་པའི་མ་ཀེ་ལི་པུའི་རྒྱལ་ཁབ་ཡིན། 2017ལོར་རྒྱལ་ཁབ་གཉིས་དབར་ཀྲུང་གོ་དང་མོ་རོ་ཁོ་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་དུ་སྐྲུན་པའི་བསམ་ཤེས་ཀྱི་དྲན་ཐོར་མིང་རྟགས་བཀོད་པས། རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་མ་གཏོང་བར་རྒྱབ་སྐྱོར་གལ་ཆེན་བྱས་ཡོད་ཅེས་བཤད།
        ལི་ལིས་ཀྲུང་གོ་དང་མོ་རོ་ཁོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་མོས་སེམས་གཅིག་མཐུན་ཆེ་བའི་ངོས་འཛིན་བྱས་ཤིང་། མོ་རོ་ཁོ་ནི་འཛམ་གླིང་དབུས་ཤར་ས་ཁུལ་གྱི་རྒྱལ་ཁབ་ནང་ཁུང་ཙི་སློབ་གླིང་3བཙུགས་པའི་རྒྱལ་ཁབ་འབའ་ཞིག་ཡིན་པ་དང་ཡུལ་དེ་གའི་དམངས་ཚོགས་ལ་རྒྱ་ཡིག་སྦྱོང་བའི་སྤྲོ་སེམས་ཆེན་པོ་འདུག མོ་རོ་ཁོས་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་འགོད་མི་དགོས་པ་བྱས་ཚུན་མོ་རོ་ཁོར་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བའི་མི་གྲངས་2016ལོའི་མི་ཐེངས་ཁྲི་4.3ནས་2017ལོའི་མི་ཐེངས་ཁྲི་12བར་ཤུགས་ཆེན་འཕར་བ་དང་2018ལོར་སྔོན་དཔག་ལྟར་ན་མི་ཐེངས་ཁྲི་20ཟིན་རྒྱུ་དང་། ཕར་འགྲོ་ཚུར་འོང་བྱེད་མཁན་སྔར་བས་ཇེ་མང་དུ་སོང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཕན་ཚུན་ཤེས་རྟོགས་ཐུབ་རྒྱུར་སྔར་བས་སྐུལ་མ་ཐེབས་རྒྱུ་རེད།
        ཀྲུང་གོ་ནི་མོ་རོ་ཁོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཨང་གསུམ་པ་ཡིན། 2017ལོར་ཀྲུང་གོ་དང་མོ་རོ་ཁོ་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་38.3ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་5.3%འཕར་བ་དང་། ཀྲུང་གོས་མོ་རོ་ཁོར་མ་དངུལ་གཏོང་ཚད་ཆེ་རུ་འགྲོ་བའི་འཕེལ་ཕྱོགས་མངོན་གསལ་དོད་པོ་ཡོད། སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ཕུད་རྒྱལ་ཁབ་གཉིས་ཀྱིས་གྲུ་ཁ་དང་། མྱུར་བགྲོད་ལྕགས་ལམ། བཟོ་ལས་ཁུལ། དངུལ་རྩ། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་མ་ཧུར་ཐག་གཏོང་བཞིན་ཡོད། “མི་རིང་བའི་གོང་། ཀྲུང་གོའི་ཀྲུང་ཤིན་ཏའེ་གཱ་ཀུང་སི་དང་མོ་རོ་ཁོ་སྲིད་གཞུང་གིས་ཧ་ཡང་གི་འཁོར་མདའ་ཐོན་སྐྱེད་བྱེད་པའི་བཟོ་ལས་རྣམ་གྲངས་ཀྱི་གྲོས་མཐུན་བཞག་པ་མ་ཟད། མ་དངུལ་ཡོ་སྒོར་དུང་ཕྱུར་3.5ཟིན་པས་ཉེ་བའི་ལོ་ཤས་རིང་མོ་རོ་ཁོར་ཀྲུང་གོས་མ་དངུལ་གཏོང་ཚད་མཐོ་ཤོས་ཆགས་ཡོད”ཅེས་ལི་ལིས་བཤད་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་པིན་ཅེས།