འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་12ཉིན།

༄༅།།ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་སྦྲགས་རྒྱལ་ཁབ་ཁག་ལ་ཕན་པ་བསྐྲུན་པ། 

— ཏེན་མག་གི་འཕེལ་རྒྱས་མཉམ་ལས་བློན་ཆེན་ཐེར་ནེ་སེར་བཅར་འདྲི་བྱས་པའི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་12ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         “ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་སྦྲགས་རྒྱལ་ཁབ་ཁག་ལ་ཕན་པ་བསྐྲུན་ཡོད་པས་ངས་ལྟས་ན་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་གལ་ཆེའི་རང་བཞིན་ལ་སྣང་ཆུང་བྱེད་མི་རུང་བ་ཞིག་ཡོད”ཅེས་ཏེན་མག་གི་འཕེལ་རྒྱས་མཉམ་ལས་བློན་ཆེན་ཐེར་ནེ་སེས་ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཡིག་ཐོག་གི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད།
        ཐེར་ནེ་སེས་ཏེན་མག་གི་དབུ་བཞུགས་བློན་ཆེན་ལཱ་སེ་མུའུ་སིན་གྱི་དམིགས་བསལ་སྐུ་ཚབ་ཡིན་པའི་ངོས་ནས་ཟླ་11པའི་ཟླ་འགོར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོར་ཞུགས་རྒྱུ་བྱུང་བར་དགའ་སྤྲོ་ཆེན་པོ་བྱུང་ལ་སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག“ཏེན་མག་གིས་རྒྱལ་ཁབ་དང་ཚོང་ལས་འགྲེམས་སྟེགས་འཛུགས་རྒྱུ་ཡིན་པ་དེ་ཐོག་ནས་ང་ཚོས་ཚོང་ལས་དང་ཆབ་སྲིད་ཁྱབ་ཁོངས་ཐད་ཀྲུང་གོ་དང་མཉམ་ལས་བྱ་རྒྱུའི་ཁས་ལེན་ལག་བསྟར་བྱས་པ་མཚོན་ཐུབ”ཅེས་བཤད།
       ཐེར་ནེ་སེས་ཀྲུང་གོར་དབུལ་ཕོངས་ཉུང་གཏོང་དང་ཀྲུང་གོའི་མི་འབོར་ལ་དཔལ་འབྱོར་གྱི་བདེ་རྩ་མང་དུ་གཏོང་རྒྱུའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ཅིང་། ལོ་བཅུ་ཕྲག་རིང་དཔལ་འབྱོར་འཕར་ཚད་མཐོ་པོ་རྒྱུན་འཁྱོངས་ཐུབ་པ་དང་འབྲེལ་དཔལ་འབྱོར་འཕར་བ་ལས་རྒྱལ་ཁབ་དང་མི་དམངས་ལ་ཕན་པ་ཐོབ་རྒྱུའི་འགན་ལེན་ཡང་བྱས་ཡོད་ཅེས་བཤད།
       ཐེར་ནེ་སེས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ནི་འཕྱུག་པ་མེད་པ་ཞིག་རེད། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་ཀྲུང་གོའི་སྒོ་དབྱེ་དང་སྒྱུར་བཅོས་ཀྱི་འཕེལ་རིམ་ལས་ཏེན་མག་གི་ཁེ་ལས་ལ་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ཀྲུང་གོའི་ཁྲོམ་ར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཁེ་ལས་མང་པོ་ཞིག་གིས་ཀྲུང་གོ་འདི་ཉིད་ཁོང་ཚོའི་རང་ཡུལ་གྱི་ཁྲོམ་ར་གཉིས་པར་བརྩི་ཡི་ཡོད་པས་དེ་ནི་གྲུབ་འབྲས་ཁྱད་དུ་འཕགས་པ་ཞིག་རེད”ཅེས་བཤད།
       ཐེར་ནེ་སེས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པའི་ཏེན་མག་ནི་རང་མོས་ཚོང་དོན་དང་གོ་ལ་ཧྲིལ་པོ་ཅན་གྱི་རྒྱབ་སྐྱོར་བ་བརྟན་པོ་ཞིག་ཡིན། “ཏེན་མག་གིས་དུས་དང་རྣམ་པ་ཀུན་ཏུ་ཚོང་དོན་དང་སྒོ་དབྱེར་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཁ་གསལ་ཡོངས་བསྒྲགས་ཀྱི་སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་མ་ལག་ལ་བརྟེན་གྱི་ཡོད། ང་ཚོས་གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་བརྟན་པོ་དང་རྒྱུན་མཐུད་དཔལ་འབྱོར་འཕར་རྒྱུ་འགན་ལེན་བྱེད་པའི་ཐད་འཛམ་གླིང་ཚོང་དོན་རྩ་འཛུགས་མེད་ན་འགྲིག་ཐབས་མེད་པ་ཞིག་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད”ཅེས་བཤད།
        ཐེར་ནེ་སེས་ཏེན་མག་གིས་མ་འོངས་པར་ཏེན་ཀྲུང་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་མཉམ་ལས་ཆུ་ཚད་དེ་བས་མཐོ་བའི་ཚད་གཞིར་སླེབས་རྒྱུའི་རེ་བ་ཡོད་ལ་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་མུ་མཐུད་ལག་བསྟར་བྱས་ཏེ་ཁེ་ལས་ཚང་མར་སྒོ་དབྱེ་དང་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་ཅིག་བསྐྲུན་ནས“ཏེན་ཀྲུང་རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད”ཅེས་བཤད།
        ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོ་མེའོ་དང་ཧྥུའུ་དབྱི་མིང་།