འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།བོད་ཁུལ་གྱི་རྣམ་པ་གསར་པ། 

—— བོད་ལྗོངས་སྣང་རྫོང་གི་ཞིང་འབྲོག་ཁུལ་གྱི་མཐོང་ཐོས། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོ་ནི་ཡར་ཀླུང་གཙང་པོའི་འགྲམ་གྱི་གྲོང་ཚོ་ཆུང་ཆུང་ཞིག་རེད། སྔོ་ལྗང་གིས་བརྒྱན་པའི་གྲོང་ཚོ་འདིར་སྐྱོད་སྐབས་བོད་ལུགས་ཀྱི་སྡོད་ཁང་གསར་ལ་བཀོད་པ་གཙང་ཞིང་། དུད་ཚང་57ཚང་མར་བརྙན་འཕྲིན་དང་། གློག་ཀླད། WIFI འཁྱགས་སྒམ། དེང་རབས་གསང་སྤྱོད། ཉི་ནུས་འཁྲུད་ཁང་སོགས་སྒྲིག་ཆས་ཆ་ཚང་ཡོད། ས་གནས་དེའི་མང་ཚོགས་ཚོས་དུག་སེལ་སྒམ་སྤྱོད་པ་དང་ན་གཞོན་ཚོ་དྲ་ཐོག་ནས་ཅ་དངོས་ཉོ་རྒྱུར་དགའ་པོ་ཡོད། གྲོང་ཚོ་དེ་གང་འདྲ་བྱས་ནས་དེང་རབས་ཀྱི་གྲོང་ཚོ་ཞིག་ཏུ་གྱུར་པ་ཡིན་ནམ།
           དཀྲོགས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་དོན་གྲུབ་ཀྱིས་2003ལོའི་གོང་དུ་དཀྲོགས་གྲོང་ཚོ་ཐག་རིང་ལུང་ཁུག་གི་རི་འདབས་སུ་གནས་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བའི་ཁར་ཆ་འཕྲིན་ཡང་གསང་པོ་མེད། ཕྱོགས་གང་སར་སྐྱོད་མྱོང་བ་དང་མཐོང་རྒྱ་ཆེ་བའི་དཀྲོགས་གྲོང་ཚོའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་བག་གྲོས་རྫོང་གི་འགོ་ཁྲིད་དང་གྲོས་མོལ་བྱས་ནས་གྲོང་མི་ཚོར་གཞུང་ལམ་གྱི་འགྲམ་དུ་སྤོ་རྒྱུའི་ཁ་ཏ་བྱས། འགྲིམ་འགྲུལ་སྟབས་བདེ་ལ་མི་རྣམས་ཀྱི་བསམ་བློར་ཡང་བཅིངས་འགྲོལ་ཐོབ་པས་འཕེལ་རྒྱས་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་ཞེས་བརྗོད།
          “སྐབས་དེ་དུས་མི་མང་པོ་སྤོ་འདོད་བྱེད་ཀྱི་མིན་འདུག ང་དང་ཧྲུའུ་ཅི་རྒན་གྲས་ཀྱི་སྤུན་མཆེད་འགའ་སྔོན་ལ་སྤོས་ཤིང་། ལམ་གྱི་གཡས་གཡོན་དུ་ས་རྒོད་གསར་སྦོལ་གྱིས་བློ་ཁོག་ཆེན་པོས་སུར་པན་བཏབ་པ་དང་ཁྱིམ་ཚང་མགྲོན་ཁང་ཡང་གཉེར་བ་ཡིན། ཡུལ་མི་ཚོས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་སོང་བ་མཐོང་སྐབས་གཅིག་རྗེས་གཉིས་མཐུད་ངང་སྤོས་པ་དང་། 2006ལོར་གྲོང་མི་ཚང་མ་དེ་གར་སྤོས་སོང”ཞེས་བཀྲ་ཤིས་དོན་གྲུབ་ཀྱིས་བཤད།
          སྣང་རྫོང་ལ་སུར་པན་འདེབས་སྲོལ་ཡོད་མོད། ཡིན་ནའང་གཞི་ཁྱོན་ཆེན་པོ་མེད། བག་གྲོས་ས་ཆ་དེར་སྤོས་རྗེས་འབྲུ་དང་གྲོ་འདེབས་པའི་སྲོལ་རྒྱུན་འདེབས་ལས་བསྒྲལ་ནས་དཔལ་འབྱོར་གྱི་ཕན་འབྲས་མཐོ་བའི་སུར་པན་འདེབས་འཛུགས་དང་སྒོ་རའི་དཔལ་འབྱོར་གཉེར་རྒྱུ་དེ་ཐོན་ལས་གཙོ་བོར་བྱས་པ་ཡིན། མིག་སྔར། གྲོང་ཚོ་ཡོངས་སུ་སུར་པན་མུའུ་224དང་། ཀུ་ཤུ་མུའུ་150 ཁམ་བུ་མུའུ་100 སྟར་ཁ་མུའུ་900བཅས་བཏབ་པ་དང་། ལོ་རེར་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་3.5ཡོང་གི་ཡོད་ཅེས་བཤད།
        ད་ཆ་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་གནས་དེར་རྩ་བ་ཚུགས་ཡོད། དབྱར་རྩྭ་དགུན་འབུ་རྔོག་པའི་ཡོང་འབབ་ཀྱིས་དཀྲོགས་གྲོང་ཚོའི་མང་ཚོགས་ཀྱི་ཡོང་འབབ་ཀྱི་50% ཡན་བཟུང་བས། དབྱར་རྩྭ་དགུན་འབུ་གཞི་ཁྱོན་ཆེན་པོས་སྔོགས་ནའང་སྣོད་བཅུད་ལ་གཏོར་སྐྱོན་མི་ཕོག་པ་བྱ་ཆེད། གྲོང་ཚོའི་དབྱར་རྩྭ་དགུན་འབུ་སྔོག་གནས་སུ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ནས་ཆེད་མངགས་ཞབས་ཞུ་མཁོ་འདོན་བྱས་པ་དང་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་འབྲེལ། གྲོང་མི་ཚོར་འབུ་རྔོག་ཟིན་རྗེས་སྤང་རང་སར་གཡོག་དགོས་པ་དང་གད་སྙིགས་གཙང་འཕྱགས་བྱེད་དགོས་པའི་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད།
         དེ་དང་ཆབས་ཅིག་ཁྱིམ་ཚང་མི་ཉུང་བས་ཁྱིམ་ཚང་མགྲོན་ཁང་གཉེར་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོད་ཡོད། མིག་སྔར། དཀྲོགས་གྲོང་ཚོའི་དུད་ཚང་12ཀྱིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་དང་དུད་ཚང་10ཡིས་ཆོག་མཆན་ཐོབ་རྗེས་སྐུ་མགྲོན་བསུ་རྒྱུ་རེད། ཁྱིམ་ཚང་མགྲོན་ཁང་དེ་སྔོན་གྱི་སྡོད་ཁང་ཁོ་ན་མཁོ་འདོན་བྱེད་པ་ནས་ད་ཆ་ཁ་ལག་དང་། ཉལ་ཁང་། ཤིང་འབྲས་འཐུ་བ་བཅས་གཞི་གཅིག་ཅན་གྱི་ཁྱིམ་ཚང་མགྲོན་ཁང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ་རེད།