འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཀྲུང་གོའི་འཐུས་མིས་ཨ་ཧྥེ་རི་ཁའི་མང་ཚོགས་ལ་ཕན་པའི་དམངས་འཚོའི་འདུ་འགོད་དེ་བས་
མང་བ་མཉམ་ལས་ལག་བསྟར་བྱེད་དགོས་ཞེས་འབོད་སྐུལ་བྱས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
        ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་མཱ་ཀྲའོ་ཤུས་ཀྱིས་ཉིན་ཤས་གོང་འབྱུང་འགྱུར་ཀྲུང་གོ་ཕྱོགས་ཀྱིས་མཉམ་ལས་གཉིས་ཕན་གྱི་དགོངས་པ་མུ་མཐུད་ལག་བསྟར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དེ་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི《2063ལོའི་གྲོས་རིམ》དོན་འཁྱོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་ནས“རྒྱུད་གཅིག་ལམ་གཅིག”དང་ལྷོ་ལྷོ་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་གྲུབ་འབྲས་གཟེངས་སུ་ཐོན་པའི་དམངས་འཚོའི་རོགས་སྐྱོབ་མུ་མཐུད་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་པའི་དམངས་འཚོའི་འདུ་འགོད་དེ་བས་མང་བ་ལག་བསྟར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཡོངས་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུ་དེ་ཀྲུང་གོས་ཀི་ནེ་ཡ་པི་སོ་དང་མོ་ཙམ་པི་ཁེའི་ཞིང་ལས་འཕེལ་རྒྱས་གཏོང་བའི་མཉམ་ལས་རྣམ་གྲངས་ཇུས་གཞིར་དམིགས་པ་ཞིག་ཡིན་པ་དང་། དེ་ནི་ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་དང་མཉམ་ལས་ཐོག་མར་བྱས་ནས་ཕྱིར་ཕྱོགས་པའི་རོགས་སྐྱོབ་རྣམ་གྲངས་ལ་གཞིགས་ཏེ་ཞིབ་འཇུག་དང་ཚོད་སྐོར་བྱས་པ་ཞིག་རེད།
        མཱ་ཀྲའོ་ཤུས་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུ་དེ་ལོ་གསུམ་པར་སླེབས་པ་དང་། ཨ་ཧྥེ་རི་ཁ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་སྡུད་ཆེ་ཤོས་ཀྱི་སྐམ་ས་ཞིག་ཡིན་པས་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་དོན་འཁྱོལ་བྱ་རྒྱུའི་ཐད་འགྲན་སློང་དྲག་པོ་འཕྲད་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་གཏུགས་ཀྱི་བསམ་པ་ཤུགས་ཆེར་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་ཀུན་གྱིས་དོ་ཁུར་བྱེད་པའི་དབུལ་ཕོངས་མེད་པ་བཟོ་བ་དང་། བཀྲེས་ལྟོགས་སེལ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། རྒྱུན་མཐུད་ཀྱི་བཟོ་ལས་ཅན་སོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དམིགས་ཚད་དོན་འཁྱོལ་བྱ་རྒྱུར་གཙོ་གནད་ཐོག་རོགས་རམ་བྱེད་དགོས་ཞེས་བཤད་པ་རེད།
        མཱ་ཀྲའོ་ཤུས་ཀྱིས“རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐོང་ཆེན་བྱེད་ཤུགས་དང་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ《2063ལོའི་གྲོས་རིམ》དང་2030ལོའི་གྲོས་རིམ་དེ་བས་ལེགས་པའི་ངང་དོན་འཁྱོལ་ཐུབ་རྒྱུར་རོགས་རམ་ཐོབ་རྒྱུར་ང་ཚོས་རེ་སྒུག་བྱེད་བཞིན་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་77ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག‘གྲོང་གསེབ་དབུལ་ཕོངས་མེད་པ་བཟོས་ནས་2030ལོའི་གྲོས་རིམ་དོན་འཁྱོལ་ཐུབ་པའི’མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་འཆར་ཟིན་འབུལ་རྒྱུར་སྐུལ་འདེད་བཏང་ནས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ཏེ་2030ལོའི་གྲོས་རིམ་གང་མགྱོགས་དོན་འཁྱོལ་ཐུབ་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུའི་རེ་བ་ཡོད”ཅེས་བཤད།