འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་11ཉིན།

༄༅།།ཧན་གོའི་དམངས་ཚོགས་ཀྲུང་གོར་སྐྱོད་པའི་ཆ་འཕྲིན་གྱི་སྦྲེལ་ཟམ་འཛུགས་པ། 

ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཁྲེན་དབྱི། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་11ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཧན་གོའི་སྨྱན་སྦྱོར་ཚོགས་པ་ཆེ་ཤོས་ཀྲུང་དབྱང་མཚམས་སྦྱོར་ཚོགས་པ་དང་ཧན་གོའི་དྲ་སྦྲེལ་ཁེ་ལས་ཆེ་ཤོས་NAVERདབར“ཀྲུང་གོ”ཞེས་པ་འགག་རྩའི་ཚིག་ལ་བཟུང་ནས་ཀུང་སི་རྩེ་གྲ་མཉམ་ལས་བྱས་ཏེ་ཧན་གོའི་གཙོ་ཆེའི་དྲ་ཚུགས་ཆེ་གྲས་ཁྲོད་ཀྱི་རྒྱལ་ཁབ་ཀྱིས་བརྗོད་དོན་གཙོ་བོར་བྱས་པའི་ལྟ་ཀློག་སྔོན་མངགས་འཕྲིན་ལམ“NAVERཀྲུང་གོ”ཞེས་པ་བཙུགས་པ་རེད།
        དུས་ཐུང་ལོ་གཉིས་རིང་འཕྲིན་ལམ་དེར་ལྟ་ཀློག་སྔོན་མངགས་བྱེད་མཁན་ཁྲི་150ལྷག་ཙམ་བྱུང་བ་དེ་ནི་མི་འབོར་ཁྲི་5000ལྷག་ཙམ་ལས་མེད་པའི་ཧན་གོའི་ངོས་ནས་བརྗོད་ན་ཧང་སངས་དགོས་པའི་གྲུབ་འབྲས་ཤིག་རེད།
        ལས་སྟེགས་དེའི་དོ་དམ་དང་གཉེར་སྐྱོང་བྱེད་འགན་ཁུར་བའི་CHINA LABཡི་ཁྲིམས་མིའི་འཐུས་མི་ཧན་ཡིའུ་ཏེས་ཉེ་ཆར་ཧན་གོར་འཚམས་འདྲི་བྱེད་བཞིན་པའི་ཀྲུང་གོའི་གསར་འགྱུར་སྤེལ་རེས་ཚོགས་པར“‘NAVERཀྲུང་གོ’ཞེས་པ་དེ་ཧན་གོའི་དམངས་ཚོགས་ཀྱིས་ཀྲུང་གོར་རྒྱུས་མངའ་ལོན་པ་དང་ཀྲུང་གོའི་ཆ་འཕྲིན་ཐོབ་ཐབས་བྱེད་པའི་ཆེད་ལས་ལས་སྟེགས་ཆེ་ཤོས་དེར་གྱུར་ཡོད་ཅེས་ངས་གདེང་ཚོད་ཆེན་པོའི་སྒོ་ནས་བཤད་ཆོག”ཅེས་བཤད།
         དེ་སྔ་གསར་འགོད་པ་ཞིག་ཡིན་པའི་ངོས་ནས་ཀྲུང་གོར་རྒྱུན་སྡོད་བྱེད་མྱོང་བ་དང་མིག་སྔར་ད་དུང་ཧན་གོའི་ཀྲུང་དབྱང་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་ཀྲུང་གོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཅིག་ལྕོགས་བྱེད་བཞིན་པའི་ཧན་ཡིའུ་ཏེ་ནི་སྨྱན་སྦྱོར་བ་བསླབ་པ་རྒན་གྲས་ཤིག་དང་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཞིག་རེད། ཁོང་གི་ངོས་ནས་བརྗོད་ན། ཀྲུང་གོས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་གཏན་ནས་སྤོ་མཚམས་འཇོག་མྱོང་མེད་པ་དང་ཧན་གོས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོའི་འགྱུར་ལྡོག་ལ་དོ་ཁུར་བྱས་ཏེ་མཉམ་ལས་གཉིས་ཁེའི་གོ་སྐབས་འཚོལ་དགོས་ཀྱི་ཡོད་པ་རེད།
         ཧན་ཡིའུ་ཏེས་ཀྲུང་གོ་ནི་ཧན་གོའི་དཔལ་འབྱོར་ཚོང་དོན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་ཧན་ཀྲུང་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་སྤེལ་རེས་བྱ་རྒྱུ་དེའང་རིག་གནས་དང་སྤྱི་ཚོགས་སོགས་རིམ་པ་ཁག་ཏུ་ཁྱབ་ནས་ཧན་གོའི་དམངས་ཚོགས་མང་པོ་ཞིག་གིས་ཀྲུང་གོ་དེ་བས་ཤེས་རྟོགས་ཐུབ་རེ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཧན་གོའི་སྨྱན་སྦྱོར་མི་ཉུང་བ་ཞིག་གིས་ཀྲུང་གོའི་སྐོར་གྱི་གསར་འགྱུར་འགོད་སྐབས་རྟག་ཏུ་ཕྱི་རོལ་ཡུལ་དང་བསྟུན་རྒྱུ་འདང་གི་མེད་སྟབས་ཧན་གོའི་དམངས་ཚོགས་ལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་བྱེད་པའི་ཆ་འཕྲིན་གྱི་ལས་སྟེགས་ཤིག་མཁོ་འདོན་བྱ་ཆེད“NAVERཀྲུང་གོ”ཞེས་པའི་འཕྲིན་ལམ་བཏོད་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
        2016ལོའི་ཟླ་10པར་ཧན་གོའི་ཀྲུང་དབྱང་མཚམས་སྦྱོར་ཚོགས་པ་དངNAVERདབར་ལག་གདང་སྦྲེལ་ནས་ཡན་ལག་ཀུང་སི་CHANA LABབཙུགས་ཏེ“NAVERཀྲུང་གོ”ཞེས་པའི་འཕྲིན་ལམ་ཐུན་མོང་ཐོག་བཏོད་པ་རེད། འཕྲིན་ལམ་དེས་ཧན་གོའི་ས་གནས་དེའི་ལོ་20ནས་40བར་གྱི་ན་གཞོན་ཚོགས་སྤྱི་དམིགས་ཡུལ་དུ་བྱས་ནས་ཀྲུང་གོའི་ཚོང་ལས་དང་། དཔལ་འབྱོར། སྤྱི་ཚོགས། ITསོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།
         འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་ཧན་ཡིའུ་ཏེས་CHINA LABཡིས“ཀྲུང་གོའི་ཆ་འཕྲིན་ཁྱབ་སྤེལ་བྱས་ཏེ་ཧན་ཀྲུང་དཔལ་འབྱོར་དང་ཚོང་དོན་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་རྒྱུ”དེ་ལས་འགན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡང་དག་པ་དང་། ཕྱི་རོལ་ཡུལ་དང་མཐུན་པ། གཏིང་ཟབ་པ་བཅས་ཀྱི་ཀྲུང་གོའི་ཆ་འཕྲིན་ལས་སྟེགས་ཤིག་གཏོད་རྒྱུར་གཞོལ་ནས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་ཀྱི་འགྲོ་འོང་ལ་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད། ལས་སྟེགས་དེས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་གྱི་གནས་ཚུལ་འགོད་རྒྱུར་མུ་མཐུད་དོ་ཁུར་བྱས་ཏེ་ཧན་གོའི་དམངས་ཚོགས་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་ཐུབ་པ་དང་ཧན་གོའི་ཁེ་ལས་དེ་བས་མང་བ་ཀྲུང་གོར་སྐྱོད་ཐུབ་པ་བྱ་རྒྱུ་དང་འབྲེལ་བགྲོ་གླེང་ཚོགས་འདུ་འཚོགས་པ་སོགས་བྱེད་ཐབས་བརྒྱུད་ཧན་ཀྲུང་དབར་གྱི་སྤེལ་རེས་མཉམ་ལས་ཀྱི་ཐབས་ལམ་རྒྱ་བསྐྱེད་གཏོང་རྒྱུ་རེད།