འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།སྤྲིན་གསེབ་ཀྱི་ལང་ཚོ། 

—— དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་རུ་ ཆེན་ཞིག་གི་རུ་དཔོན་རྒན་པ་དབྱང་ཕུའུ་ཞང་གི་སྐོར་བཀོད་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ལོ་36ལ་སླེབས་པའི་དབྱང་ཕུའུ་ཞང་ལ་ཕར་བལྟས་ན་ལོ་ཚོད་ལས་རྒན་བཟོ་ཧ་ཅང་དོད་པ་ཡོད།
         དེ་ནི་ལོ་མང་དཀའ་བ་སྤྱད་པའི་རྣམ་པ་རྗེས་ཤུལ་ཞིག་ཡིན་ཞིང་། མི་སུ་འདྲ་ཞིག་ཡིན་ཡང་ས་བབ་མཐོ་ཚད་སྨི་བཞི་སྟོང་ལྔ་སྟོང་ལྷག་ཙམ་གྱི་གངས་ལྗོངས་ས་མཐོར་ལོ་བཅུ་གྲངས་ཁ་ཤས་བསྡད་ཚེ་འགྱུར་ལྡོག་ཆེན་པོ་ཡོང་སྲིད།
         2006ལོའི་ཟླ་7པར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པའི་ཉིན་དེ་ནས་བཟུང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་རུ་ཆེན་ཞིག་གི་རུ་དཔོན་རྒན་པ་དབྱང་ཕུའུ་ཞང་གིས་ལྕགས་ལམ་སྲུང་སྐྱོང་ལམ་ཐིག་ཐོག་གཞི་ཚུགས་ཏེ་ས་བབ་མཐོ་ཚད་སྨི་4050ཡོད་པའི་གསུམ་མདོ་གཙང་པོ་ནས་ས་བབ་མཐོ་ཚད་སྨི་4533ཡོད་པའི་ཐོག་ཐོན་གཙང་པོ་བར་དང་། དེ་ནས་ས་བབ་མཐོ་ཚད་སྨི་4868ཡོད་པའི་ཁུ་ནུ་རི་བོའི་ཕུག་ལམ་བར་ཉིན་ནས་ཉིན་དང་ལོ་ནས་ལོ་བར་མཁའ་ལམ་ཐོག་མེ་འཁོར་ཕར་འགྲོ་ཚུར་འོང་བྱེད་ཐེངས་ཁྲི་13ལྷག་ཙམ་བདེ་འཇགས་ངང་སྲུང་སྐྱེལ་བྱས་ཡོད་པ་རེད།
         2014ལོའི་ཟླ་6པར་ཕུག་ལམ་གྱི་བྱང་ངོས་ཐོན་སྒོ་དེ་གློ་བུར་དུ་དྲག་ཆར་བབས་པའི་རྐྱེན་གྱིས་རི་ཉིལ་བའི་གནས་ཚུལ་ཚབས་ཆེན་ཐོན་ཏེ་ལྕགས་ལམ་གྱི་མཚམས་ཐིག་ཏུ་རྡོ་ཆེན་པོ་དང་བྱེ་མས་ཁེངས་ནས་འཁོར་ལམ་སྨི་20ལྷག་ཙམ་བསྣུབས་ཡོད། སྐབས་དེ་དུས་ཆུ་ཚོད་གཅིག་ཀྱང་མ་ལྷག་པའི་དུས་ཚོད་ནང་ལྷ་ས་ནས་ཧྲང་ཧའེ་བར་གྱི་མེ་འཁོར་ཕུག་ལམ་དེ་བརྒྱུད་དགོས་ཀྱི་ཡོད།
        དུས་ཚོད་ནི་ཚེ་སྲོག་ཡིན་པས་གནས་ཚུལ་ཧ་ཅང་ཛ་དྲག་པོ་ཡོད།
        འཕྲུལ་འཁོར་གང་ཡང་མེད་པའི་འོག་དབྱང་ཕུའུ་ཞང་གིས་དཔོན་དམག་སྣེ་ཁྲིད་དེ་དྲག་ཆར་ལ་མི་འཛེམ་པར་ཉེན་ཁ་ཡང་ཡང་ཐོན་པའི་གནས་ཚུལ་འོག་ཕྲག་ཐོག་ཏུ་འཁུར་བ་དང་། ལག་པས་འགྱོགས་པ་དང་། ཕུར་པ་འཛུགས་པ་དང་དྲ་བ་འགྲེམས་པ། ས་དང་འདམ་རྫབ་གཤོང་བ་བཅས་བྱས་ཐོག་མེ་འཁོར་མ་སླེབས་གོང་ལམ་ངོས་ཀྱི་རྡོ་དང་བྱེ་མ་རྣམས་གཙང་སེལ་བྱས་པ་རེད།
         མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་མི་མེད་ཁུལ་དུ་སྐོར་གཡེང་ལས་འགན་སྒྲུབ་སྐབས་གོམ་པ་རེ་རེ་སྤོ་བར་ཡང་དབུགས་ཧལ་བ་དང་། ས་དོང་དང་གངས་འོབ་ཀྱི་ཉེན་ཁ་ཡང་ཡང་འཕྲད་ཡོད།
        འཐབ་འཛིང་པ་ཐང་ཡུང་ཆང་གིས་ན་ནིང་དགུན་ཁའི་དོན་ཞིག་ད་བར་བརྗེད་མེད།
        དེ་ཉིན་ཞོགས་པ་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲིའི་ཏུའུ་15ཟིན་ཡོད་པ་དང་། དབྱང་ཕུའུ་ཞང་གིས་དཔོན་དམག་ཚོའི་སྣེ་ཁྲིད་ནས་གྲ་སྒྲིག་ཨང་བསར་བྱས་ཏེ་གྲང་རླུང་ལ་མ་འཛེམས་པར་པུས་མོ་དིམ་ཙམ་གྱི་གངས་ཁྲོད་དུ་དཀའ་བ་ཆེན་པོས་གོམ་སྟབས་རེ་རེ་བཞིན་སྤོ་བཞིན་སྐོར་གཡེང་བྱེད་པའི་ལམ་དུ་བཞུད།
        དེས་ན་ས་མཐོའི་གནམ་གཤིས་ལ་འགྱུར་ལྡོག་མང་བས་དེ་མུར་ཁ་བ་བུ་ཡུག་འཚུབ།
        “གྲང་རླུང་ལྡང་བ་དང་ཁ་བ་ཆེན་པོ་བབས་པས་གོམ་པ་གཏན་ནས་སྤོ་མི་ཐུབ་པ་དང་། ཁ་བའི་འདབ་མ་མཇིང་པའི་ནང་ལྷུང་སྟབས་ཚང་མས་མགོ་བཏུམས་ཏེ་དཀའ་བ་ཆེན་པོས་མདུན་སྐྱོད་བྱས”ཐང་ཡུང་ཆང་གློ་བུར་དུ་འདྲེད་བདར་ཤོར་ནས་རླུང་འཚུབ་དང་སྦྲགས་གཡང་གཟར་ནས་ལྷུང་ལ་ཉེ།
        “རུ་དཔོན་དབྱང་ལགས་ཀྱིས་ལག་གཅིག་གིས་ང་བཟུང་པ་དང་། རང་ཉིད་འདྲེད་བདར་ཤོར་ནས་རིལ་ཏེ་མིག་ཟུར་ལ་རྡོ་ཟུག་ནས་རྨ་བཟོས་པ་དང་ཁྲག་དོན་པ་དེའང་འཕྲལ་མར་འཁྱག་པ་ཆགས་སོང”ཞེས་ཐང་ཡུང་ཆང་གིས་བརྗོད།
        རྨ་རས་དཀྲི་ཁོམ་མེད་པར་དབྱང་ཕུའུ་ཞང་དང་འཐབ་གྲོགས་ཚོས་མུ་མཐུད་ཁ་བ་བུ་ཡུག་ཁྲོད་ས་ཚིགས་རྗེས་མ་དེར་བསྐྱོད། དཔུང་རུའི་ནང་སླེབས་སྐབས་ས་རུབ་ཟིན་ཡོད།
        ཉེན་སེལ་རོགས་སྐྱོར་བྱེད་པ་དེ་སྐོར་གཡེང་བྱེད་པའི་ལམ་བུའི་ཐོག་ཐོན་པ་ཙམ་མིན་པར་ཡང་ཡང་འཚུབ་པའི་བྱེ་རྡུལ་དང་། ཁ་བའི་འདབ་མ། སེར་བ་བཅས་ཀྱི་ཁར་གཡང་གཟར་ཆེ་བ་དང་ཀྱོག་ལམ་མང་བས་དཔུང་སྡེའི་སྒར་ཁུལ་རི་གཤམ་གྱི་རྒྱལ་ལམ་109ཡི་ཐོག་རྟག་ཏུ་འགྲིམ་འགྲུལ་ལས་འཛོལ་ཐོན་གྱི་ཡོད།
        མི་མེད་ཁུལ་དུ་ཉེན་ཁ་འཕྲད་ནས་གལ་སྲིད་དུས་ཐོག་ཏུ་རོགས་སྐྱོབ་བྱེད་མཁན་མེད་ཚེ་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་སྲིད།
        དུས་ཐོག་ཏུ་སྐྱབས་འཇུག་ཞུ་མཁན་ལ་རོགས་རམ་བྱ་ཆེད། དབྱང་ཕུའུ་ཞང་གིས་རྒྱལ་ལམ་གྱི་མངོན་གསལ་དོད་པའི་ས་ཆར“དཀའ་ངལ་འཕྲད་སྐབས་དྲག་ཆས་ཉེན་རྟོག་པ་འཚོལ་དགོས”ཞེས་པ་དང་ཛ་དྲག་རོགས་སྐྱོབ་ཁ་པར་ཨང་གྲངས་བྲིས་པའི་དམངས་ཕན་བྱང་བུ་15བཙུགས་པ་དང་། སྔ་རྗེས་སུ་འཁོར་འཛོལ་30ལྷག་ཙམ་གྱི་སྐྱོབ་རོགས་ནང་ཞུགས་ནས་མང་ཚོགས་ཐེངས་50ལྷག་ཙམ་ལ་སེམས་རྩ་འཁོལ་པོས་དཀའ་ངལ་སེལ་རོགས་བྱས་ཤིང་། “དམངས་ཕན་བྱང་བུ”རེ་རེ་བཞིན་ལེ་དབར་སྟོང་གི་ཤེས་དཔལ་ལྡན་པའི་མཚོ་བོད་ལམ་བུའི་ཐོག་གི་གཅེས་སེམས་མཚོན་པའི་མཛེས་ལྗོངས་སུ་གྱུར་ཡོད།
          ལོ་12རིང་། དབྱང་ཕུའུ་ཞང་གིས་རུ་སྣེ་ཁྲིད་ནས་མི་མེད་ཁུལ་གྱི་ལྕགས་ལམ་ལམ་ཐིག་ཐོག་དྲག་ཆས་སྐོར་གཡེང་ཐེངས་2300ལྷག་ཙམ་བྱས་པས་རིམ་རྩིས་ལྟར་ན་ལམ་ཚད་སྤྱི་ལེ་ཁྲི་2ལྷག་ཙམ་ཟིན་པ་དང་། ལྕགས་ལམ་ཐོག་གི་རྡོ་སྒྲུག་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལམ་ལས་སྒྲོལ་བ་སོགས་ཀྱི་ཉེན་ཁ་ཐེངས་60ལྷག་ཙམ་བསལ་ནས་མཚོ་བོད་ས་མཐོའི་ལྕགས་ལམ་གྱི་འཕར་རྩ་ཆེན་པོའི་བདེ་འཇགས་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
          ལོ་12རིང་། དབྱང་ཕུའུ་ཞང་དང་དཔོན་དམག་ཚོས་མཉམ་དུ་དཀའ་སྤྱད་གསར་གཏོད་བྱས་ཏེ་ཁུ་ནུ་རི་བོའི་གྲམ་ཐང་དུ་དྲོད་ཁང་ཆེ་མོ་དང་པོ་དེ་བརྒྱབ་པ་དང་། སྔོ་ཚལ་སོས་པ་ཁག་གཅིག་བཏབ་པས་དཔོན་དམག་གིས་འཁྱགས་ཤ་བཟའ་བ་དང་ཚལ་སྐམ་པོ་བཟའ་བའི་ལོ་རྒྱུས་མཇུག་འགྲིལ་ཞིང་། ཁོང་གིས་སྔ་རྗེས་སུ་བྱས་རྗེས་རིམ་པ་དང་པོ་ཐེངས་1དང་། རིམ་པ་གཉིས་པ་ཐེངས་1 རིམ་པ་གསུམ་པ་ཐེངས་3བཅས་བཞག་པས“ཀྲུང་གོའི་དྲག་ཆས་ཉེན་རྟོག་གི་ལྷག་བསམ་རྣམ་དག་གི་སྲུང་དམག་བཅུ”ཡི་གཟེངས་བསྟོད་ཐོབ་པ་རེད།
         ཝང་ཡུས་ཧྲན་དང་། ཝང་ཅིན་པིང་། ཀུའོ་ཙི་དབྱང་།