འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།ནང་འདྲེན་དངོས་མང་སྟོན་ཚོགས་སུ་བོད་ཀྱི་ཁེ་ལས་དང་འཛམ་གླིང་ཁེ་ལས་ཧོང་ཕུའུ་གཙང་འགྲམ་དུ་ལག་གདང་སྦྲེལ་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་བསྟུད་མར་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཧྲང་ཧའེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་རིག་ནུས་ཐོན་རྫས་རྩེར་སོན་གཅིག་སྡུད་སྟོན་པ་དང་། འཛམ་གླིང་ས་གནས་ཁག་གི་ཚོང་པ་ཚོས་གྲ་སྒྲིག་ཨང་གསར་གྱིས་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་དང་སྦྲེལ་མཐུད་ལས་དོན་ཧུར་ཐག་སྤེལ་བཞིན་མཆིས།
        གངས་ལྗོངས་ས་མཐོར་གནས་པའི་བོད་ཀྱིས་ཀྱང་འགྲེམས་ཚོགས་དེར་ཧུར་ཐག་ཞུགས་ཤིང་། ནང་འདྲེན་དངོས་མང་སྟོན་ཚོགས་འགོ་ཚུགས་ཉེའི་མཚམས་སུ་བོད་ཀྱི་ཁེ་ལས་མཁས་ཅན་ཚོས་སྔ་ས་ནས་ཧྲང་ཧའེ་རུ་འབྱོར་ཏེ་འབྲེལ་ཡོད་རྒྱལ་ཁབ་དང་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ་ཚོང་དོན་མཉམ་ལས་ཀྱི་བྱ་བར་གྲོས་བསྡུར་བྱེད་ཀྱི་ཡོད།
       བོད་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་དང་སྤུས་རྟགས་སྐད་གྲགས་ཆེ་ཤོས་ཀྱི་ཕྱོགས་གསུམ་པའི་དྲ་ཐོག་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཚོང་པ་སྟེ་ཨ་ཡུན་དྲ་ཐོག་ཚོང་དོན་ཚོང་པས་ཕ་ཁི་སི་ཐན་དང་རི་པིན་དང་ཕྱོགས་གཉིས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་མཉམ་ལས་བྱ་བར་ངོ་འཕྲད་གྲོས་མོལ་ཧུར་ཐག་བྱས་པ་དང་རྒྱལ་ཁབ་གཉིས་པོའི་ཁྱད་ལྡན་གྱི་བཟའ་འཐུང་དང་རྩེར་སོན་ཚན་རྩལ་ཐོན་རྫས་ནང་འདྲེན་བྱས་ནས་རྒྱལ་སྤྱིའི་ཐོན་རྫས་ཀྱིས་བོད་ཀྱི་འཛད་སྤྱོད་པའི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་དང་། བོད་ཀྱི་ལེགས་ལྡན་ཁྱད་ལྡན་གྱི་ཐོན་ཁུངས་རྒྱལ་སྤྱིའི་ཁྲོམ་རར་ཁྱབ་གདལ་གཏོང་རྒྱུར་རྩེ་གཅིག་ཏུ་གཞོལ། ཤེས་རྟོགས་རགས་ཙམ་བྱས་པར་གཞིགས་ན། ད་ཐེངས་ཁོང་ཚོས་ཕ་ཁི་སི་ཐན་དང་། རི་པིན། ཨའོ་མོན་ས་ཁུལ་བཅས་དང་མཉམ་ལས་འདོད་འདུན་རགས་ཙམ་བཞག་པ་དང་། སླད་ཕྱིན་གྱི་ལོ་གསུམ་རིང་སྒོར་དུང་ཕྱུར་3ལྷག་ཙམ་གྱི་ཕྱོགས་རྐྱང་པ་དང་ཕྱོགས་གཉིས་ཀའི་ཉོ་ཚོང་གྲངས་འབོར་ལེགས་སྒྲུབ་བྱ་རྒྱུ་རེད།
        བོད་ལྗོངས་ཧྲེང་ཤིན་བཟོ་ལས་དང་ཚོང་དོན་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་འགྲེམས་ཁང་དུ་བསྐྱོད་དེ་ཐོན་རྫས་ཀྱི་སྣ་ཁ་དང་། སྤུས་ཚད། རིན་གོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་མ་ཟད། འགྲེམས་ཞུགས་ཚོང་པ་དང་སྤེལ་རེས་ཀྱང་ཧུར་ཐག་བྱས་པ་རེད། ཀུང་སིའི་འགན་འཁུར་བས“ད་ཐེངས་ནང་འདྲེན་དངོས་མང་སྟོན་ཚོགས་སུ་ཡོང་སྟེ་ཕྱོགས་གཅིག་ནས་ང་ཚོས་ཕྱིར་གཏོང་བྱ་ཡུལ་གྱི་རྒྱལ་ཁབ་གཙོ་བོ་ཁག་གཅིག་ལ་འཚམས་འདྲི་ཞུས་ནས་དབྱི་ཐ་ལི་སོགས་ཡོ་རོབ་དང་ཨ་རིའི་ཁྲོམ་རའི་དགོས་མཁོ་དང་། ད་དུང་ཇུས་འགོད་དང་ལག་རྩལ་གསར་ཤོས་འཕེལ་རྒྱས་འགྲོ་ཚུལ་ཤེས་རྟོགས་བྱ་ཆེད་དང་། ཕྱོགས་གཞན་ཞིག་ནས་དེ་བས་གསར་ལ་ལེགས་པའི་ཐོན་རྫས་བོད་དུ་སྤྱོད་རྒྱུ་ཡོད་མིན་ཤེས་རྟོགས་བྱ་ཆེད་ཡིན། ད་ཐེངས་འགྲེམས་ཚོགས་ལ་ཞུགས་རྗེས་ནང་འདྲེན་དངོས་མང་སྟོན་ཚོགས་འདི་ལྟ་བུ་འཚོགས་པ་དེས་ང་ཚོའི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་ཆེན་པོ་ལྡན་འདུག རྒྱལ་ཁབ་དང་ས་ཁུལ་མང་པོ་ཞིག་གི་ཐོན་རྫས་ས་ཆ་གཅིག་ཏུ་གཅིག་སྡུད་སྟོན་པ་དང་དེ་དག་ཚང་མ་ནི་ཆེད་ལས་རང་བཞིན་ཅུང་ཆེ་བས་དངོས་འབྲེལ་ཕན་ཐོགས་ཆེན་པོ་བྱུང”ཞེས་བཤད།
         བོད་ལྗོངས་ཚོང་དོན་ཐིང་གི་འགན་འཁུར་བས་ད་ཐེངས་བོད་ཀྱི་ཚོགས་པ་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་ཡོད། གཅིག་ནས་ཚོང་འགུགས་མ་འདྲེན་དང་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་ནས་ནང་འདྲེན་དངོས་མང་སྟོན་ཚོགས་སྤྱད་དེ་ནེ་པ་ལ་དང་ཕ་ཁི་སི་ཐན་སོགས་ཀྱི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་དང་དཔལ་འབྱོར་ཉོ་ཚོང་གི་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། གཉིས་ནས་བོད་ཀྱི་ཁེ་ལས་ཀྱིས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་། ད་ཐེངས་ཀྱི་དངོས་མང་སྟོན་ཚོགས་ཀྱིས་སྤེལ་བའི་ནང་འདྲེན་ཚོང་དོན་བརྒྱུད་བོད་ཀྱི་མི་སེར་ཚོའི་ཐོན་སྐྱེད་དང་འཚོ་བར་སྔར་བས་མང་བའི་གདམ་ག་རྒྱུན་ཆད་མེད་པར་མཁོ་འདོན་བྱ་ཆེད་རེད་ཅེས་བཤད།
         བོད་ལྗོངས་རིག་གནས་ཐིང་ཐོན་ལས་ཁྲུའི་འགན་འཁུར་བས་སང་ལོའི་ཟླ་བ་གཉིས་པའི་གོང་། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཚོང་དོན་གྱི་ཞབས་ཞུའི་སྐར་ཁུང་ནེ་པ་ལའི་ཀ་ཏ་མན་རྡུར་འཛུགས་རྒྱུ་རེད། དེ་རྗེས་རྒྱལ་ཁབ་དང་ས་ཁུལ་13དུ་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང་རིམ་གྱིས་འཛུགས་རྒྱུ་རེད། ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་གོ་སྐབས་ལ་བརྟེན་ནས་ང་ཚོས་དང་ཐོག་འབྲེལ་ཡོད་རྒྱལ་ཁབ་ཀྱི་ཐོན་རྫས་དང་ལས་རིགས་ཁག་གཅིག་ལ་ངོས་འཛིན་དང་ཤེས་རྟོགས་ཕྲན་བུ་བྱུང་བ་མ་ཟད། འབྲེལ་ཡོད་ས་ཁུལ་དང་སྡེ་ཚན་དང་སྔར་བས་འགྲོ་འོང་བྱ་རྒྱུ་བྱུང་། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་རྒྱལ་ནང་ཁོ་ན་མིན་པར་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་མང་པོར་ཁྱབ་གདལ་བཏང་སྟེ་ང་ཚོའི་ཕྱི་ཕྱོགས་སུ་སྒོ་དབྱེའི་ཁྲོམ་ར་རྒྱ་ཆེར་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཕྱི་རྒྱལ་གྱི་ཐོན་ཁུངས་ཁག་གཅིག་ང་ཚོའི་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བར་སྦྲེལ་མཐུད་དང་བསྡུ་སྒྲིལ་བྱ་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད།