འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་10ཉིན།

༄༅།།འབྲི་ཆུའི་འཁྱིལ་མཚོའི་ཉེན་སེལ་འཕྲུལ་འཁོར་དང་པོ་གཙང་འགྲམ་དུ་འབྱོར་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་10ཉིན། 14:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་8ཉིན་གློག་འཕྲིན་འབྱོར་གསལ། འབྲི་ཆུའི“11·03”རི་ཉིལ་བའི་འཁྱིལ་མཚོའི་གནོད་འཚེ་འཕྲལ་སྡོམ་ཉེན་སེལ་བཀོད་འདོམས་པུས་ཆ་འཕྲིན་སྤེལ་བར་གཞིགས་ན། ཆུ་ཚོད་20ཡི་རིང་ཉིན་མཚན་བལྟོས་མེད་འབད་འཐབ་བྱས་པ་བརྒྱུད། ཚེས་8ཉིན་གྱི་ཆུ་ཚོད་10དང་སྐར་མ་25ལ་ཉེན་སེལ་རྐོ་འདྲུའི་འཕྲུལ་འཁོར་དང་པོ་འབྲི་ཆུའི་འཁྱིལ་མཚོའི་སྨད་རྒྱུད་ཀྱི་སྤྱི་ལེ་3ཙམ་གྱི་གཙང་ཆུ་རྒྱུག་སར་འབྱོར་ནས་ཁྱོན་སྤྱི་ལེ་7.5བསྔོགས་ཡོད། མིག་སྔར་ནུས་ཤུགས་ཡོད་རྒུས་འཁྱིལ་མཚོའི་ཆུ་རགས་ཕྱོགས་སུ་སྐྱོད་བཞིན་ཡོད།
           ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་ཆེད་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡིས་རྐོ་འདྲུའི་འཕྲུལ་འཁོར་10དང་ལྡུག་འཁོར་4མྱུར་དུ་སྐོང་བསྡུ་བྱས་ཡོད། མིག་སྔའི་བར་རྐོ་འདྲུའི་འཕྲུལ་འཁོར་6དང་ལྡུག་འཁོར་2རྩེ་པ་གྲོང་ཚོར་འབྱོར་བ་དང་འབྲེལ་མདུན་སྐྱོད་བྱེད་ཀྱིན་ལམ་བཟོ་བའི་བྱ་ཐབས་སྤྱད་ནས་གཙང་འགྲམ་དུ་སྐྱོད་བཞིན་ཡོད་པ་དང་དེ་བྱིངས་འཕྲུལ་འཁོར་གཏོང་འདྲེན་བྱེད་བཞིན་ཡོད་པ་རེད།
         ས་གནས་ས་ཐོག་གི་ཐག་གཅོད་ཚོགས་ཆུང་གི་བསམ་འཆར་ལ་གཞིགས་ན། ཟླ་11ཚེས་8ཉིན་གྱི་ཆུ་ཚོད་8པ་བར་འཁྱིལ་མཚོའི་ཆུ་རགས་མདུན་གྱི་ཆུ་ཁའི་མཐོ་ཚད་སྨི་2937.11ཟིན་ཞིང་ཁྱོན་སྨི་44.27མཐོ་རུ་ཕྱིན་ཡོད་པ་དང་། ཆུ་ཚོད་རེར་ཆ་སྙོམས་སྨི་0.22མཐོ་རུ་འགྲོ་བ། ཆུ་མཛོད་ཀྱི་ཆུ་རྒྱུག་ཚད་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། འཁྱིལ་མཚོར་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་3.24ཙམ་ཟིན་པ། ཆུ་ངོས་ནས་འཁྱིལ་དངོས་ཀྱི་དམའ་ཤོས་བར་མཐོ་དམན་ཧེ་བག་སྨི་29.2ཡོད་པ་རེད།
          ཚེས་8ཉིན་གྱི་ཆུ་ཚོད་8པ་བར་གཉེན་ཉེ་དང་གྲོགས་པོའི་སར་འགྲོ་བ་དང་ཁ་གཏོར་བཀོད་སྒྲིག་སོགས་ཀྱི་བྱ་ཐབས་བརྒྱུད་དཀར་མཛེས་ཀྲོའུ་ཡིས་ཉེན་ཁ་ཕྲད་པའི་མང་ཚོགས་ཁྱོན་10080ཁ་གཏོར་གནས་སྤོས་བྱས་པའི་ནང་། དཔལ་ཡུལ་རྫོང་གི་མི་2548དང་། འབའ་ཐང་རྫོང་གི་མི་2320 སྡེ་རོང་རྫོང་གི་མི་1086 སྡེ་དགེ་རྫོང་གི་མི་116 འབྲི་ཆུའི་རྒྱུད་ཀྱི་ཨར་སྐྲུན་ཁེ་ལས་ཀྱི་མི་4010བཅས་ཡོད་པ་རེད།