འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་9ཉིན།

༄༅།།མཚོ་སྔོན་མདོ་ལ་རིང་མོའི་ས་ཁུལ་དུ་ཁྲུང་ཁྲུང་མཇིང་ནག་གིས་སྒོ་ང་རུམ་པའི་བརྙན་ལམ་ཐོག་མར་པར་ལེན་ཐུབ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་09ཉིན། 10:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
     ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཚན་ཞིབ་ལྟ་དཔྱད་ཚད་འཇལ་མི་སྣས་ཁྲུང་ཁྲུང་མཇིང་ནག་ཁྱུ་ཚོགས་ལ་ཚན་ཞིབ་ལྟ་དཔྱད་ཚད་འཇལ་གྱི་བྱེད་སྒོའི་ཁྲོད་ཁྲུང་ཁྲུང་མཇིང་ནག་གིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ཡུག་ཁུལ)དུ་སྒོ་ང་རུམ་པའི་བརྙན་ལམ་དཔྱད་གཞི་ཐོག་མར་པར་ལེན་ཐུབ་པ་རེད།
    མཚོ་སྔོན་ཞིང་ཆེན་ཞོལ་ལེན་མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཉིང་ཙུའོ་མེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཟླ་5པའི་ཟླ་མཇུག་ནས་ཟླ་6པའི་ཟླ་འགོའི་བར་ཚན་ཞིབ་ལྟ་དཔྱད་ཚད་འཇལ་མི་སྣས་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མོན་ཡོན་རྫོང་དང་མདོ་ལ་རྫོང་། དེ་བཞིན་མཚོ་ནུབ་བོད་རིགས་རང་སྐྱོང་ཀྲོའུ་ཐེམ་ཆེན་རྫོང་སོགས་ཀྱི་ཁྲུང་ཁྲུང་མཇིང་ནག་འཚོ་གནས་ཁུལ་དུ་བསྐྱོད་ནས་ཁྲུང་ཁྲུང་མཇིང་ནག་རྒྱུད་འཕེལ་ལ་ལྟ་དཔྱད་ཚད་འཇལ་བྱས་པ་རེད། ཁྱོན་ཁྲུང་ཁྲུང་མཇིང་ནག་88ལྟ་དཔྱད་ཚད་འཇལ་ཐུབ་པ་དང་བྱིའུ་ཚང་14ཤེས་རྟོགས་ཐུབ་པ་དང་འབྲེལ་བྱིའུ་ཚང་2ལ་དམར་ཕྱིའི་པར་ཆས་སྒྲིག་སྦྱོར་བྱས་ནས་ཁྲུང་ཁྲུང་མཇིང་ནག་རྒྱུད་འཕེལ་པར་ལེན་བྱས་པ་དང་། ཟླ་9པའི་ཟླ་མཇུག་ཏུ་དམར་ཕྱིའི་པར་ཆས་ཚང་མ་ཕྱིར་བསྡུས་པ་རེད།
     མཚོ་བོད་ས་མཐོའི་གྲགས་ཅན་འདབ་ཆགས་རིག་པའི་རིགས་གཅིག་མཁས་ཅན་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་མི་སྣ་ལི་ལའེ་ཤིང་གིས་ད་ཐེངས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན་ཡུག་ཁུལ)དུ་སྒོ་ང་རུམ་པའི་བརྙན་ལམ་དཔྱད་གཞི་ཐོག་མར་པར་ལེན་ཐུབ་པ་དེས་མཚོ་སྔོན་ཞིང་ཆེན་གྱིས་མདོ་ལ་རིང་མོའི་ས་ཁོངས་ཀྱི་ཁྲུང་ཁྲུང་མཇིང་ནག་ཁྱུ་ཚོགས་ཀྱི་འཚོ་སྡོད་ལ་ཞིབ་འཇུག་བྱེད་པའི་སྟོང་ཆ་གསབ་པ་དང་མཚོ་བོད་ས་མཐོར་མ་གཏོགས་རྒྱུད་འཕེལ་བྱེད་མི་ཐུབ་པའི་ཁྲུང་ཁྲུང་མཇིང་ནག་གི་འཚོ་སྡོད་ཆོས་ཉིད་གསལ་རྟོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད་པ་རེད།