འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་གོའི་སྒོ་དབྱེའི་བྱེད་ཐབས་གསར་པས་འཛམ་གླིང་ལ་ཕན་པ་ཐོབ་པར་རྒྱལ་སྤྱིའི་རྩ་འཛུགས་ཆེན་པོ་གསུམ་གྱི་འགན་འཁུར་བས་བསྔགས་བརྗོད་བྱས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
          ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་དང་པོ་ཚེས་5ཉིན་དངོས་སུ་འགོ་ཚུགས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས། འཛམ་གླིང་དངུལ་ཁང་བཅས་རྒྱལ་སྤྱིའི་རྩ་འཛུགས་ཆེན་པོ་གསུམ་གྱི་འགན་འཁུར་བས་ཚེས་5ཉིན་འཚོགས་པའི་འགོ་ཚུགས་མཛད་སྒོའི་ཐོག་སྔ་རྗེས་སུ་གཏམ་བཤད་བྱས་ཏེ། ཀྲུང་གོས་རང་འགུལ་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཕྱོགས་མང་ཚོང་དོན་མ་ལག་ལ་སྲུང་སྐྱོང་ཧུར་ཐག་བྱེད་པའི་བྱེད་ཐབས་གསར་པ་སྤྱད་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གདེང་ཚོད་ཆེ་རུ་སོང་ལ་འཛམ་གླིང་གི་དཔལ་འབྱོར་ལ་དྲང་ནུས་ཀྱང་སྦྱིན་ཡོད་ཅེས་བསྔགས་བརྗོད་བྱས་པ་རེད།
          འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཨ་ཙེ་ཝུའེ་ཏུའོ་ཡིས་གཏམ་བཤད་སྤེལ་སྐབས། ཧྲང་ཧའེ་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་འཛམ་གླིང་ལ་བརྡ་རྟགས་གལ་ཆེན་ཞིག་བཏང་ཡོད་ཅེས་བརྗོད་པ་སྟེ། གོ་ལ་ཧྲིལ་པོའི་ཚོང་དོན་ཁྲོད་ཀྱི་ཀྲུང་གོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དང་གཅིག ཀྲུང་གོས་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དེ་འཛམ་གླིང་གི་དཔལ་འབྱོར་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་པ་དང་གཉིས་རེད། ཁོང་གིས་འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། སྒྱུར་བཅོས་སྒོ་དབྱེའི་བརྒྱུད་རིམ་ཁྲོད་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིར་གྱུར་པའི་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ལས་དོན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ནས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲུང་གོས་ད་དུང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དང་དར་རྒྱས་མེད་པའི་རྒྱལ་ཁབ་གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། ཕྱོགས་ཁག་ལ་གཉིས་ཕན་མཉམ་ཁྲོད་ནས་ཕན་པ་ཐོབ་པ་བྱས་ཡོད་ཅེས་བརྗོད་པ་རེད།
        ཨ་ཙེ་ཝུའེ་ཏུའོ་ཡིས་ཀྲུང་གོས་ནང་འདྲེན་དངོས་མང་སྟོན་ཚོགས་འཚོགས་པ་དེ་ཐོག་ནས་ཚོང་དོན་ནི་གཅིག་རྒྱལ་གཅིག་ཕམ་གྱི་རོལ་རྩེད་ཅིག་མིན་པ་དང“ཕྱིར་གཏོང་བྱས་པ་ཡག་པོ་དང་ནང་འདྲེན་བྱས་པ་སྡུག་པོ་ཡིན་པ”ཞིག་མིན་པ་ར་འཕྲོད་ཐུབ་ཀྱི་ཡོད། ནང་འདྲེན་བྱེད་པ་ལས་འཛད་སྤྱོད་པར་གདམ་ག་བྱ་གཞི་དེ་བས་མང་བ་ཡོང་རྒྱུ་ཡིན་པ་མཚོན་ལ་རྒྱལ་ཁབ་ཁག་གིས་དགེ་མཚན་སྡུར་བ་བརྒྱུད། རང་ཉིད་ཀྱི་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་ལས་ཕྱོད་དེ་བས་ཆེ་རུ་འགྲོ་རྒྱུ་ཡིན་པའང་མཚོན་གྱི་ཡོད་ཅེས་བརྗོད་པ་རེད།
         རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལཱ་ཅ་ཏེ་ཡིས་གསུང་བཤད་གནང་རིང“འབྲེལ་ཟམ་གསུམ”ལ་དཔེ་བཞག་ནས་ཀྲུང་གོར་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བ་དང་འཛམ་གླིང་ལ་རྒྱུན་ཆད་མེད་པར་ལེགས་སྐྱེས་ཕུལ་བར་བསྔགས་བརྗོད་བྱས་ཤིང་། ཁོང་གིས་འབྲེལ་ཟམ་དང་པོ་ནི་འཛམ་གླིང་ཕྱོགས་སུ་བསྐྱོད་པའི་འབྲེལ་ཟམ་ཡིན་ཞིང་། ལོ་40ཡི་རིང་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་པ་བརྒྱུད། འབྲེལ་ཟམ་དེ་རྒྱུན་ཆད་མེད་པར་བསྐྲུན་པ་ལས་རང་ཉིད་ལ་འགྱུར་ལྡོག་བྱུང་ལ་འཛམ་གླིང་ལའང་འཕོ་འགྱུར་བྱུང་ནས་རྒྱལ་ཁབ་ཁག་གི་ཐོན་སྐྱེད་བྱེད་ཚད་དང་། གསར་གཏོད་ཆུ་ཚད། འཚོ་བའི་ཆུ་ཚད་བཅས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད་ཅེས་བརྗོད་པ་རེད།
        ལཱ་ཅ་ཏེ་ཡིས་ཕྱོགས་སྡོམ་གནང་བའི་འབྲེལ་ཟམ་གསུམ་པ་དེ་འབྱུང་འགྱུར་ཕྱོགས་སུ་བསྐྱོད་པའི་འབྲེལ་ཟམ་རེད། ཁོང་གིས་ཀྲུང་གོ་ནི་རྒྱལ་སྤྱིའི་མཉམ་ལས་དང་ལྷག་པར་དུ་ཚོང་དོན་མཉམ་ལས་ཁྲོད་ཀྱི་དཔེ་མཚོན་ཞིག་རེད་ཅེས་བརྗོད་པ་དང་། ཁོང་གིས་སྲུང་སྐྱོང་རིང་ལུགས་དར་ཤུགས་ཆེ་རུ་འགྲོ་བའི་རྒྱབ་ལྗོངས་འོག ཕྱོགས་ཁག་གིས་ཚོང་དོན་རྩོད་གཞི་ཞི་ལྷོད་དུ་གཏོང་དགོས་ཤིང་། གོ་ལ་ཧྲིལ་པོའི་ཚོང་དོན་མ་ལག་ལ་སྲུང་སྐྱོང་བྱེད་དགོས་པ་ལས་གཏོར་བཤིག་གཏོང་མི་རུང་བའི་འབོད་སྐུལ་གནང་བ། ཁོང་གིས་མིག་སྔར་རྒྱལ་སྤྱིའི་མཉམ་ལས་སྔར་ལས་མང་པོ་དགོས་ཀྱི་འདུག ཚོང་དོན་དར་རྒྱས་བྱུང་ན་དཔལ་འབྱོར་དར་རྒྱས་ཡོང་རྒྱུར་ཕན་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོ་ཞི་བདེ་ཡོང་རྒྱུར་ཕན་པའང་ཡོད་པའི་ངོས་འཛིན་གནང་གི་ཡོད་པ་རེད།
        འཛམ་གླིང་དངུལ་ཁང་གི་ཧང་ཀྲང་ཅིན་གཡུང་གིས་གཏམ་བཤད་གནང་རིང་། དབུལ་ཕོངས་ཉུང་གཏོང་གི་ཀྲུང་གོའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། ཁོང་གིས་ལོ་40ཡི་རིང་ཀྲུང་གོའི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་25འཕར་བ་དང་དུས་མཉམ་གྱི་ཀྲུང་གོའི་མི་འབོར་དབུལ་པོ་དུང་ཕྱུར་8ལྷག་ཙམ་ཟིན་པ་དེས་གོ་ལ་ཧྲིལ་པོའི་མི་འབོར་དབུལ་པོའི་བསྡོམས་གྲངས་ཀྱི་70%བཟུང་ཡོད་ཅེས་བརྗོད་པ་རེད། ཁོང་གིས་ཚོང་དོན་རང་མོས་ཅན་གྱི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་ཉུང་དུ་གཏོང་རྒྱུའི་ངོས་ནས་བརྗོད་ན་ནུས་པ་གལ་ཆེན་ལྡན་པ་ཞིག་ཡིན། རྒྱལ་ཁབ་ཁག་གིས་ཚོང་དོན་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་མུ་མཐུད་རྒྱབ་སྐྱོར་བྱས་ཏེ། ཕྱོགས་མང་མ་ལག་ཤུགས་ཆེར་བཏང་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་ནན་བཤད་བྱས་པ་རེད།