འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་8ཉིན།

༄༅།།ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས”ཀྱི་བརྗོད་དོན་གཙོ་བོའི་ཞོར་ཚོགས་རི་ནེ་ཝར་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་08ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་ཁབ་སོ་སོའི་འགྲོ་བ་མིའི་ཐོབ་ཐང་གྲོས་ཞིབ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་31པ་འཚོག་རིང་། ཀྲུང་གོའི་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་ཀྱིས་ཚེས་5ཉིན་གྱི་ཕྱི་དྲོར་སུའེ་ཙེར་གྱི་རི་ནེ་ཝར་ཡོད་པའི་དབན་གོ་ཕོ་བྲང་དུ“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས”ཀྱི་བརྗོད་དོན་གཙོ་བོའི་ཞོར་ཚོགས་འཚོགས་པ་རེད།
         ཀྲུང་གོའི་དམངས་ཁྲོད་རྩ་འཛུགས་རྒྱལ་སྤྱི་སྤེལ་རེས་སྐུལ་སྤེལ་ལྷན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ལིའུ་ཁའེ་དབྱང་གིས། ཀྲུང་གོ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་མི་རིགས་ཁག་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཡོང་བ་བྱས་ཡོད་ཅེས་བཤད།
         ཀྲུང་གོའི་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱི་འཐུས་མིས་ཀྲུང་གོའི་མི་རིགས་སྲིད་ཇུས་དང་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ཆ་ལག་ཚང་བའི་ངང་ངོ་སྤྲོད་བྱས་པ་དང་། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཕྱི་ཕྱོགས་སྤེལ་རེས་མཐུན་ཚོགས་ཀྱི་འཐུས་མིས་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཇི་ལྟར་བྱེད་ཚུལ་གསོན་ཉམས་ལྡན་པའི་ངང་ངོ་སྤྲོད་བྱས་ཡོད།
        ཀྲུང་གོའི་བོད་ལྗོངས་རིག་གནས་འཕེལ་རྒྱས་དང་སྲུང་སྐྱོང་མཐུན་ཚོགས་ཀྱི་འཐུས་མིས་རང་ཉིད་དང་ཉེ་འཁོར་སྤུན་ཟླར་བྱུང་བའི་གཏམ་རྒྱུད་བཤད་དེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གི་གནས་ཚུལ་བཅས་ངོ་སྤྲོད་བྱས་པ་དང་། པེ་ཅིང་གྲོང་ཁྱེར་དམངས་ཁྲོད་རྩ་འཛུགས་ཀྱི་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱི་འཐུས་མིས་པེ་ཅིང་ཉིའུ་ཅེ་ཁྲོམ་གཞུང་གི་མུའུ་སི་ལིན་གྱིས་བདེ་སྡོད་ལས་བརྩོན་བྱེད་པའི་འཚོ་བའི་རྣམ་པ་བཤད་ནས་མི་རིགས་ཁག་ཕན་ཚུན་འདྲ་མཉམ་དུ་འཛིན་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པ། མཉམ་དུ་འཕེལ་རྒྱས་གཏོང་བའི་ཀྲུང་གོའི་གཏམ་རྒྱུད་གླེང་ཡོད།
        ཞོར་ཚོགས་ཀྱི་ཕན་ཚུན་མཉམ་འགུལ་ལྷུ་ཚིགས་སྐབས། འཐུས་མི་ཚོས་ཉན་མཁན་དང་མཉམ་དུ་ཀྲུང་གོའི་གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གྲངས་ཉུང་མི་རིགས་ཀྱི་མི་འབོར་སློབ་གསོ། ལས་ཞུགས་ཀྱི་ཁེ་ཕན་འགན་ལེན་དང་སྐད་གཉིས་སློབ་གསོ་སོགས་ཀྱི་གནད་དོན་ལ་དམིགས་ནས་གྲོས་བསྡུར་བྱས་ཤིང་། རི་ནེ་ཝར་རྒྱུན་སྡོད་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་དཔོན་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དཔོན་རིགས། ཀྲུང་ཕྱིའི་དམངས་ཁྲོད་རྩ་འཛུགས་ཀྱི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།