འཚོལ་བཤེར།   
藏文频道
2018ལོའི་ཟླ་11ཚེས་7ཉིན།

༄༅།།ཨ་རིའི་དུས་དཀྱིལ་འདེམས་བསྐོ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་07ཉིན། 15:19】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

 
༄༅།།ཨ་རིའི་དུས་དཀྱིལ་འདེམས་བསྐོ་འགོ་ཚུགས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་6ཉིན། ཨ་རིའི་2018ལོའི་དུས་དཀྱིལ་འདེམས་བསྐོའི་འདེམས་ཤོག་འཕེན་འགོ་ཚུགས་ཡོད་ཅིང་། སྐབས་གསར་པའི་རྒྱལ་ཚོགས་ཀྱི་དབང་ཆ་འཛིན་མཁན་དེ་སུ་ཡིན་པ་དང་། ཨ་རིའི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ག་འདྲ་བྱུང་སྲིད་དམ།
          ད་ཐེངས་ཀྱི་དུས་དཀྱིལ་འདེམས་བསྐོས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ལས་གནས་435ཡོངས་རྫོགས་དང་། གྲོས་ཚོགས་གོང་མའི་ལས་གནས་100ཁྲོད་ཀྱི་35བསྐྱར་འདེམས་བྱ་རྒྱུ་རེད།  གཞན་ཡང་། ཨ་རིའི་མངའ་སྡེ་50ནང་གི་མངའ་སྡེ་36ཡི་འགོ་འཛིན་གྱི་ལས་གནས། རྒྱལ་ཕྱིའི་མངའ་ཁོངས་ཀྱི་སྤྱི་ཁྱབ་ལྟ་སྐུལ་གྱི་ལས་གནས་3། ཝ་ཧྲེང་ཐོན་དམིགས་བསལ་ཁུལ་དང་། ཅིའུ་ཅིན་ཧྲན། ཀྲི་ཅ་ཀོ་སོགས་གྲོང་ཁྱེར་གཙོ་བོ་དག་གི་འགོ་འཛིན་གྱི་ལས་གནས། དེ་བཞིན་ཨ་རི་ཡོངས་ཀྱི་ཁྲིམས་འཛུགས་ལས་ཁུངས་99ཡི་ནང་གི་87བཅས་ཚུད་པ་འོས་འདེམས་བྱ་རྒྱུ་རེད། དེའི་ཁྲོད་དུ་ཆེས་དོ་ཁུར་བྱེད་ས་ནི་གྲོས་ཁང་གོང་འོག་གཉིས་ཀྱི་འོས་འདེམས་ཡིན་དེ། འདི་ནི་སྤྱི་མཐུན་ཏང་དང་དམངས་གཙོ་ཏང་གཉིས་བར་གྱི་འཐབ་རྩོད་བྱ་ཡུལ་གཙོ་བོའང་རེད།
         རྒྱལ་ཚོགས་ནི་ཨ་རིའི་ཁྲིམས་འཛུགས་ལས་ཁུངས་མཐོ་ཤོས་དེ་ཡིན་པ་དང་། གྲོས་ཁང་གོང་འོག་གཉིས་ཀྱིས་མཉམ་དུ་བཅའ་ཁྲིམས་ཀྱི་འཆར་ཟིན་འགོད་པ་དང་གཏན་འབེབས་བྱེད་པའི་འགན་འཁུར་ཡོད། གྲོས་ཁང་གོང་མ་ལ་ད་དུང་ཙུང་ཐུང་གིས་བཏོན་པའི་སྲིད་གཞུང་གི་མཐོ་རིམ་མི་སྣ་དང་དེ་བཞིན་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་གྱི་འོས་མི་ལ་ཆོག་མཆན་སྤྲོད་དམ་མི་སྤྲོད་པའི་དབང་ཆ་ཡོད།  མིག་སྔར་གྲོས་ཁང་གོང་འོག་གཉིས་ཀ་སྤྱི་མཐུན་ཏང་གིས་ཚོད་འཛིན་བྱེད་བཞིན་ཡོད། ཉེ་ཆར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། “ང་རང་འོས་མི་མིན་ཡང་། འོས་མི་ལས་ཀྱང་གལ་ཆེ་བ་ཡོད། གང་ལགས་ཤེ་ན་དུས་དཀྱིལ་འདེམས་བསྐོ་ནི་ང་དང་འབྲེལ་བའི་སྤྱི་འདེམས་ཞིག་ཀྱང་རེད”ཅེས་བརྗོད་ཡོད།
        ཟླ་11ཚེས་5ཉིན། ཐེ་རོན་ཕུ་ཨིན་ཏིས་ཨན་ནར་འདུ་ཚོགས་ལ་ཞུགས་སྐབས། འདེམས་དམངས་ཀྱིས་སྤྱི་མཐུན་ཏང་གི་འོས་མིར་འདེམས་ཤོག་འཕེན་པ་ནི་མུ་མཐུད་དར་རྒྱས་ཡོང་བར་འདེམས་ཤོག་འཕེན་པ་དང་མཚུངས་ལ། དམངས་གཙོ་ཏང་གི་འོས་མིར་འདེམས་ཤོག་འཕེན་པ་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་མྱུར་དུ་བརླག་འདོད་ཡོད་པ་རེད་ཅེས་བརྗོད་ཡོད། 
        ཉེ་ཆར་དམངས་གཙོ་ཏང་གི་འོས་མི་འདེམས་པའི་བྱེད་སྒོར་མཐོང་མང་བའི་ཨ་རིའི་ཙུང་ཐུང་ཟུར་པ་ཨོ་པཱ་མ་ཡིས་ཚེས་5ཉིན་ཀྲི་ཅ་ཀོ་རུ་ཡོངས་བསྒྲགས་བྱེད་སྒོ་ལ་ཞུགས་དུས། “ཨ་རིའི་ཀུན་སྤྱོད”ནི་འདེམས་ཤོག་ཐོག་ནས་མངོན་རྒྱུ་ཡིན་ཞིང་། “ད་ཐེངས་ཀྱི་འདེམ་བསྐོ་ནི་ང་ཚོ་སུ་ཡིན་པ་དང་། ང་ཚོའི་རྒྱལ་ཁབ་འདི་ཉིད་གང་གི་ཕྱོགས་སུ་འགྲོ་མིན་དང་འབྲེལ་བ་ཡོད”ཅེས་བརྗོད་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན་ཐོན་སྒོའི་དམངས་དཔྱད་ཀྱི་མཇུག་འབྲས་ནི་ཉིན་དེའི་ནམ་གུང་ངམ་ཡང་ན་ཕྱི་ཉིན་ཐོ་རེངས་སུ་སྔ་རྗེས་ཁྱབ་བསྒྲགས་བྱ་རྒྱུ་དང་། དམངས་འདོད་བརྟག་དཔྱད་ལས་མངོན་པར་གཞིགས་ན། ཏང་གཉིས་ཙམ་མ་ཟད་ཐ་ན་ཨ་རིའི་འདེམས་དམངས་ཡོངས་ད་ལོའི་དུས་དཀྱིལ་གྱི་འདེམས་བསྐོ་ལ“སྔ་ན་མེད་པའི”སྤྲོ་བ་ཡོད་པས། འདེམས་ཤོག་འཕེན་ཚད་ཟིན་ཐོ་གསར་པ་བརྒལ་རྒྱུའི་རེ་བ་ཡོད།